web analytics

ང་ནི་རང་བྱུང་ཁམས་ཀྱི་ཨ་བྲ་ཞིག་ཡིན།

 རྒྱ་འདུ་སངས་རྒྱས།

ང་རང་ཆུང་དུས་ཤིག་ལ།  དཔེ་ཆ་ཞིག་གི་ནང་ནས་ཨ་བྲ་གསོད་དགོས་ཞེས་པ་ཞིག་མཐོང་།  ཡང་ཉིན་ཞིག་ལ་ཚགས་པར་ཞིག་ལས་སྤྱང་ཀི་གསོད་དགོས་ཟེར་བ་མཐོང་།   ལོ་དེའི་རྗེས་མ་ཞིག་ལ། ཝ་ཡང་གསོད་དགོས་རབས་སྐོར་གྱི་གསར་འགྱུར་ཚགས་པར་ཞིག་ཏུ་མཐོང་། སྐབས་དེར་ང་རང་ཆུང་ན་ཡང་།  ཅིའི་ཕྱིར་གཅན་གཟན་འདི་དག་གསོད་དགོས་པ་ཡིན་ནམ། དེ་དག་ནི་སེམས་ཅན་ཞིག་མིན་ནམ་ཞེས་ལྡོག་འདྲིའི་ཚུལ་དུ་བྱས།  དོན་ངོ་མར་ཨ་བྲ་ནི་རྩྭ་ཐང་གི་དགྲ་བོ་ཞིག་ཡིན་པར་ངོས་འཛིན་བྱས་ཏེ་གསོད་དགོས་ཟེར་བ་དེ་ཡིན་འདུག   སྤྱང་ཀི་ཡང་དེ་ལས་མ་འདས་ཕྱིར་ལུག་གི་དགྲ་བོ་ཡིན་པར་འདོད་དེ་གསོད་དགོས་ཞེས་པ་དེ་རེད། ང་ཚོས་འདི་ལྟར་གནམ་འོག་གི་དགྲ་བོ་ཡོད་ཚད་གསོད་དགོས་པ་ནི་ཇི་འདྲའི་འཇིགས་སུ་རུང་བ་ཞིག་རེད་ཨང་།

ཨ་བྲ། རི་མོ་བ་ཡེ་ཤེས་ལྷ་མོ།

བོད་ཀྱི་གཏམ་དཔེ་ཞིག་ཏུ། ས་བཤིག་གི་ཨ་བྲ། ། སྡེ་བཤིག་གི་ཆོམ་པོ། ། ཟེར་བ་ཞིག་ངས་མཐོང་བྱུང་།  འཇམ་ཞིང་མཉེན་པ། མཛེས་ཀྱང་མཛེས་པ། ལྗང་མདོག་ཁོར་ཡུག་གི་དགྲ་བོ་ངོ་མ་ནི་ཨ་བྲ་ཡིན་པར་འདོད་པའི་བག་ཆགས་ཤིག་གིས། མི་སུ་ཡིན་གྱིས་ཨ་བྲ་མཐོང་ཚེ་མེད་པར་གཏོང་བའི་སྦྱོར་བ་དང་། ཆེད་དུ་ཨ་བྲ་གསོད་སྦྱོར་གྱི་ལས་འགུལ་སྤེལ་བ། ཐབས་ཅི་ཡོད་ཀྱིས་ཨ་བྲ་མེད་པར་བཟོ་འདོད་ཀྱི་བསམ་གཞིག་གི་སྣེ་རེར་སྡིག་སྦྱོར་དང་འདྲ་མཉམ་མིན་པ་རེ་དྲུད་དེ་འོང་བ་ནི་ཨ་བྲ་གོང་འཕེལ་གཏོང་བ་དང་གཉིས་སུ་མ་མཆིས། ཨ་བྲ་ནི་སྐྱེ་ཁམས་དོ་མཉམ་ལ་མེད་དུ་མི་རུང་བའི་སྲོག་ཆགས་ཤིག་སྟེ། ཨ་བྲ་ནི་སྲོག་ཆགས་སྤྱི་ལྟར་འཚོ་སྡོད་དང་ཁོར་ཡུག གནས་མལ་དང་ཟས་སོགས་འཚོལ་སྒྲུབ་བྱེད་མཁན་གྱི་གྲས་ཤིག་ཡིན་པས་ས་སྐྱེས་ཀྱི་སྒོ་ཟོག་ཁོ་ན་ཉིད།

འཇིག་རྟེན་འདི་ལ་རྒྱུ་དང་མི་རྒྱུ་ཀུན་བརྟེན་པར་བྱེད་སའི་གནས་ཤིག་རེད། བརྟན་པ་སྣོད་ཀྱི་འཇིག་རྟེན་དང་གཡོ་བ་བཅུད་ཀྱི་སེམས་ཅན་ཞེས་པ་བཞིན་སྲོག་ཆགས་ཐམས་ཅད་ས་སྟེང་དུ་འཚོ་དགོས་པ་ཞིག་རེད། ལྷག་པར་དུ་འགྲོ་བ་མི་སྐྱིད་བདེ་ཁོ་ནས་མི་འོང་སྟེ། ཨ་བྲ་ཡང་སྐྱིད་བདེ་དོན་དུ་གཉེར་བའི་སེམས་ཅན་ཞིག་ཡིན། སེམས་ཅན་ཞིག་གི་ངོས་ནས་རང་ལ་དབང་བའི་གནས་མལ་དང་ཟས་སུ་འབད་བརྩོན་བྱེད་དགོས། དེའི་ཕྱིར། ང་ནི་རྩྭ་ཐང་གི་དགྲ་བོ་མིན་ཏེ་རྩྭ་ཐང་གི་སྒོ་ཟོག་ཅིག་ཡིན། ཉམ་ཆུང་བའི་སྒོ་ཟོག་ང་དང་རིགས་མཐུན་ཚོས། ཉིན་མོའི་ལྟོ་དང་མཚན་མོའི་གནས་ནི་རང་དབང་གིས་ཐག་གཅོད་བྱེད་སྲིད། ང་ཚོ་ནི་དུས་གཏན་དུ་བདག་མོ་ལྟ་བུའི་ས་གཞི་ལ་དགའ། ས་གཞི་འདི་ཡོད་པས་ང་ཚོའི་འཚོ་གནས་རྙེད་སྲིད། ས་གཞི་འདི་ཡོད་པས་ང་ཚོའི་ཁོར་ཡུག་འདི་ཡོད་ངེས། དེའི་ཕྱིར། ང་ཚོ་ས་གཞི་ལ་མི་དགའ་གང་ལ་དགའ། ང་ཚོ་ས་གཞི་ལ་མི་རེ་སུ་ལ་རེ།

ང་ནི་རྩྭ་ཐང་གི་དགྲ་བོ་མིན།  ངས་རིན་ཆེན་གསེར་དངུལ་ཟངས་ལྕགས་གཏེར་ནས་བཏོན་མ་མྱོང་ལ། ངས་ནི་ཆུ་མིག་ཀླུ་མཚོའི་ནང་དུ་དུག་བཏབ་མེད།  ངས་ཀྱང་འཁོན་སེམས་བཅངས་ནས་འཕྲོག་རྩོད་བྱས་མེད་ལ། ཞེ་སྡང་འཕར་ནས་དགྲ་ཤ་བརྩད་མེད། ང་དང་རིགས་མཐུན་དག་སྨྲ་མི་ཤེས་པའི་གླེན་ལྐུགས་རྩ་གཟན་ཡིན་པས་དགའ་སྐྱོ་ཆགས་སྡང་གི་འཚོ་བ་མི་དགོས་ལ། གསོག་གསོབ་ཀྱི་ཁྲོད་ནས་འབྱོར་བ་གསོག་དངུལ་མེད་ན་ཆོག  རྒྱུ་མཚན་ང་དང་རིགས་མཐུན་དག་ལ་བུ་ལོན་ཟེར་བ་མེད་ལ། འཁོར་བ་ཟེར་བ་ཆུང་ཆུང་ཙམ་ལས་མེད། ནམ་ཡང་ཆོག་ཤེས་ཀྱིས་འཚོ་བའི་གཅན་གཟན་བྱེ་བྲག་པ་ཡིན། ང་ལ་དབང་བ་ནི་ཅིས་ཀྱང་དབང་འོས་ཏེ་ས་སེར་བོ་འདི་ལས་འཚོ་བ་དང་ཚེ་སྲོག་གཉོར་དགོས་ལ། བདེ་སྐྱིད་དང་སྤྲོ་བ་ཁེངས་དགོས། ང་ཚོ་ནི་ཧ་ཅང་ཉམ་ཆུང་སྟེ། མདུན་དུ་རུ་གཤར་རྒྱག་མཁན་གྱི་དམག་སྡེ་མེད་ལ། རྒྱབ་ནས་སྐྱོར་མ་བྱེད་མཁན་གྱི་སྡོང་གྲོགས་མེད། གཡས་སུ་ཕ་མ་ཟེར་ས་དང་གཡོན་དུ་ཕུ་ནུ་མིང་སྲིང་ཟེར་ས་མེད། སུ་ཡིན་ངོ་ཤེས་ན་གྲོགས་ཡིན་ལ། གང་ནས་འདུག་ཐུབ་ན་ཡུལ་ཡིན། འཁོས་ཀ་ཧ་ཅང་ཞན་པའི་ང་དང་ངའི་འཚོ་སྟངས་ལ་ཐེ་གཏོགས་དང་འཇབ་རྒོལ་བྱེད་པོ་ཀྱེ། ངས་ནམ་ཡང་ང་རང་རྩྭ་ཐང་གི་དགྲ་བོ་མིན་ཞེས་ལབ་འོས། རྩྭ་རྐང་གཅིག་ལ་འཁྲིལ་ནས་འཚོ་བ་སྐྱེལ་སྟངས་འདི་བསམ་ན།  ས་ཁུང་རེ་འགར་བརྐོས་ཏེ་གནས་མལ་འཛིན་པ་དེ་མཐོང་ན། ཞེ་སྨྲེང་བའི་གཞས་ཀྱི་འབྲུ་གཏོར་ན་ལེགས་པ་ལས་ཞེ་བརྣག་ནས་རྙི་འཇོག་འདོད་དེ་ཅི་ལ་ཡོད་ཨང་།

དག་ཡིག་གསར་བསྒྲིགས་སོགས་སུ། ཨ་བྲ་ནི་རྩྭ་སར་གནོད་པ་བྱེད་པའི་སྲོག་ཆགས་ཤིག་ལ་ངོས་འཛིན་བྱས། ཨ་བྲས་རྩྭ་ལ་གནོད་པ་བྱས་པ་མིན་ཏེ་ཨ་བྲ་རང་གི་ཟས་ནི་རྩྭ་ཡིན་ལ། རྩྭ་ལས་ཀྱང་བརྩད་པ་ནི་ཨ་བྲའི་ཟས་ཡིན། འོ་ན་རྩྭའི་བརྩད་པ་ཟས་ནི་ཇི་ལྟར་གྱུར་བ་ཡིན་ནམ་ཞེ་ན། སའི་གནས་བབ་དང་རྩྭའི་སྐྱེ་ཚད་དོ་མཉམ་མ་ཡོང་བ་ལས་བྱུང་བ་ཡིན། ཕྱུགས་ཟོག་གི་ཁ་གྲངས་དང་རྩྭ་ས་བར་ཁྱད་དུ་ཤོར་བའི་ཚེ་ན་རང་བཞིན་གྱིས་རྩྭའི་སྐྱེས་ཚད་དལ།  ལོ་རེར་ཆར་རྒྱུན་ཡང་འབབ་ཚད་ཉུང་ན་སའི་བརླན་ཤོར་ཞིང་སྐམ་སར་འགྱུར་བ་དང་བསྟུན་ཨ་བྲ་ནི་དེ་བཞིན་གོང་འཕེལ་དུ་འགྲོ་བཞིན་པར་སྣང་བས་ཨ་བྲ་ནི་དེ་ལྟར་རྩྭ་ཐང་གི་དགྲ་བོར་གྱུར་བ་ཡིན། །

ཕྱུགས་ཟོག་གི་རྨུག་པས་བརྡར་བའི་རྩྭ་ནི་རང་བྱུང་གི་ཁ་ཟས་ལས་རྐུན་འཕྲོག་བཅོམ་གསུམ་ལས་བྱུང་བའི་དངོས་དེ་མིན། ང་ནི་རི་རྒྱ་ཀླུང་རྒྱ་བསྡམས་པའི་རང་བྱུང་གི་ཁོར་ཡུག་ཏུ་འཚོ་བ་ལས་མགོ་ནག་མི་ཡིས་གསོད་པར་རྩོམ་སའི་འབེན་དེའི་ཆེད་དུ་འཚོ་བ་མིན། ཁོར་ཡུག་ནི་སྐྱེ་དངོས་ཀྱི་རྟེན་གནས་དང་རང་བྱུང་ཁམས་ནི་སེམས་ཅན་སྤྱི་འཚོ་སྡོད་བྱེད་སའི་གནས་དེ་ཡིན་ན། སྐྱེ་ཁམས་ནི་དོ་མཉམ་ངང་སྐྱེ་འགྲོ་ནི་བདེ་ཐང་ཁོར་ཡུག་ཏུ་གནས་འཆའ་བ་ཡིན་ན། སེམས་ཅན་གཅིག་གིས་གཅིག་ཟ་བར་བྱེད་པ་ནི་ལས་དང་རྣམ་སྨིན་གྱི་འབྲས་བུ་ཡིན་ངེས། ཡིན་ཡང་སེམས་ཅན་ཆེ་ཆུང་དང་བཙན་གཉོམ་གྱི་ཁྱད་པར་ལས་འགལ་འདུ་མང་དུ་བཟོས་པ་ནི་ཇི་འདྲའི་རང་བྱུང་ཁོར་ཡུག་གི་ན་ཟུག་ཅིག་དང་སེམས་ཚེགས་ཤིག་རེེད་ཨང་།

མ་གཞི་ཨ་བྲ་དང་བྱི་ལོང་བསད་དང་གསོད་པས་རྩྭ་ཐང་སྲུང་སྐྱོབ་བྱེད་ཐུབ་བམ། ནམ་རྒྱུན་ལྡོག་འདྲི་འདིའི་རྒྱབ་ལྗོངས་རེ་རེར་སྡུག་བསྔལ་གྱིས་མནར་བའི་འཁུན་སྒྲ་ཞིག་དང་སྐྱོ་ངལ་གྱིས་ཟིན་པའི་ནམ་ཟླ་ཞིག་གི་དྲོ་གྲང་ཚོར། འགྲོ་བ་མི་ཟེར་བའི་རྣམ་རིག་ཅན་འདིས་འདི་ལྟར་ཕྱག་ཕྲེང་དང་སྙིང་རྗེའི་བར་ནས་མིག་བཙུམ་ནས་མིད་རྒྱུ་ཞིག་དང་།  ཞེ་ཁྲོ་ནས་ལག་པ་འགུལ་སྟངས་ཤིག་དར་བ་ལའང་།

སེམས་ཅན་ཉམ་ཆུང་དབང་མེད་དག་ནི་སྐྱེ་འགྲོའི་གྲས་སུ་ཐེ་ལ། དེ་དག་ནི་ལྟོགས་པའི་ཕྱིར་ན་ཟས་དང་། སྐོམ་པའི་ཕྱིར་ན་ཆུ་དང་འགྲོགས་དགོས། ཡུལ་ཟེར་སའི་ས་ཁུང་ཞིག་གི་ཚང་མལ་ཡོད། དེ་དག་ལ་རང་ཁྱིམ་དགོས་ལ་རང་ཟས་དགོས། ཁོ་ཚོ་འཚོ་བ་ནི་སྲོག་གི་ཆེད་དུ་འཚོ་བ་ཁོ་ན་ཉིད་དེ།  ཟས་མ་མཆིས་ན་ལུས་མ་མཆིས་ལ། ལུས་མ་མཆིས་ན་སྲོག་མ་མཆིས་པའི་གནས་ལུགས་ལ་གོ་རྒྱུ་བྱུང་ན། དེ་དག་གིས་ཀྱང་མགོ་ལྕོག་ལྡེམ་པོ་བྱེད་པར་གདོན་ཟ་མི་དགོས་པ་ཞིག་ཀྱང་རེད།  སའི་གོ་ལ་ནི་ཁྱིམ་གཞི་ཆེན་པོ་ཞིག་སྟེ་སྐམ་ས་དང་རློན་ས་གཉིས་སུ་ཡོད་པའི་ཁྱིམ་གཞི་ཞིག་ཀྱང་རེད། ཁྱིམ་གཞི་འདི་ལ་འགན་སྲུང་གི་ནུས་པ་གཙོ་བོ་ནི་མི་ཁོ་ན་མ་ཡིན་ཏེ་འཚོ་ཞིང་གནས་པའི་སྐྱེ་འགྲོ་ཀུན་མ་ཡིན་ནམ།