web analytics

དཀོན་མཆོག་ཚེ་རིང་།

ཐོག་མའི་སྐད་ཆ།

དཀོན་མཆོག་ཚེ་རིང་།

ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན།།
གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད།།
རི་མཐོན་པོ་གནམ་གྱི་ཀ་བ་ཡོད།།
མཚོ་དམའ་མོ་གཡུ་ཡི་མཎྜལ་ཡོད།།

གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད།།
སྤང་སེར་པོ་གསེར་གྱི་ལྷུན་པོ་ཡོད།།
དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད།།
སྟོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད།།

དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད།།
ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས།།
གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད།།
ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད།།

ཅེས་པ་ལྟར་བོད་ཀྱི་ཁོར་ཡུག་ནི་གནའ་གདོད་མ་ཞིག་ནས་བཟུང་ས་བབ་དང་རང་བྱུང་གི་ཐོན་ཁུངས་ཆེས་ལེགས་པའི་ཞིང་ཁམས་ཤིག་ཡིན་ཏེ། གནའ་བོའི་བསྟན་བཅོས་དང་ཆོས་འབྱུང་། རྣམ་ཐར་དང་ལོ་རྒྱུས་སོགས་སུའང་གསལ་པས་ངས་འུར་བསྟོད་ཀྱི་ལས་བྱ་དགོས་དོགས་མེད། དེ་ལས་དེང་སྐབས་འཛམ་གླིང་སྤྱི་དང་ལྷག་པར་བོད་ལ་འཕྲད་བཞིན་པའི་གནད་དོན་གཙོ་བོ་སྟེ་སྐྱེ་ཁམས་ལ་གཏོར་ལག་ཐེབས་པའི་ཉེར་ལེན་གྱིས་མདོ་དབུས་མཐོ་སྒང་གི་གནམ་གཤིས་རྒྱུན་ལྡན་མིན་པའི་གྱོང་རྒུད་དག་རང་ནུས་ཅི་ལྕོགས་ཀྱིས་ངོ་སྤྲོད་འཐུས་ཚང་ཞིག་ཡོང་བར་འབད་ཡོད་མོད། ཡིན་ནའང་བོད་ཡིག་གཅིག་པོའི་ནང་དུ་དཔྱད་གཞིའི་ཡིག་ཆ་ཉུང་བ་དང་། ཡོད་པ་དེ་དག་ལས་བོད་ནང་ལོགས་ནས་བྲིས་པ་དག་རྒྱ་ནག་ལ་འཛེམས་ཏེ་ཁ་གསལ་གྱིས་འབྲི་མ་ཕོད་པས་འཐུས་ཚང་མིན་པ། བྱེས་དཔར་གྱི་དཔྱད་གཞིའི་ཡིག་ཆ་དག་ལས་མང་ཤོས་ཤིག་ཉེ་བའི་ཆར་མིན་པར་རྙིང་གྲས་ཏེ་ལོ་ངོ་བཅུ་དང་དེ་ལས་ཀྱང་འགོར་བའི་གནས་ཚུལ་གྱི་རིགས་ཡིན་པ་སོགས་མདོར་བསྡུས་ཏེ་བཤད་ན་ཐོག་མའི་བསམ་བློའི་ངོས་ཀྱི་གྲ་སྒྲིག་ནང་བཞིན་གྱི་ལེགས་པོ་ཞིག་བྲིས་ཐུབ་མེད།

གཞན་བོད་ནང་གི་བོད་མི་མང་པོ་ཞིག་ལ་རང་ངོས་སྐད་ཆ་དྲིས་པ་དང་དེ་བཞིན་དུ་ཁོ་ཚོས་ཀྱང་ས་གནས་ས་ཐོག་ལ་བཙུགས་པའི་གཏེར་ཁ་བསྔོག་ཡུལ་གྱི་འདྲ་པར་དང་། དེ་མ་ཡིན་པའི་ས་གནས་གཞན་དུ་གཏོར་སྐྱོན་བྱེད་བཞིན་པའི་འདྲ་པར་དང་གནས་ཚུལ་སོགས་གང་འཚམས་ལག་སོན་བྱུང་སོང་ལ། དེ་ལྟར་ཕན་ནུས་ཀྱང་ཆེན་པོ་ཐོགས་སོང་། དེ་དག་གནས་སྐབས་རིང་བཞག་སྟེ་མ་འོངས་པར་རང་ངོས་དེབ་ཅིག་ཏུ་བསྒྲིགས་པའམ་མཁོ་སྤྲོད་བྱེད་རྩིས་ཡོད་པས་འདིར་མ་སྨྲས་སོ།

རང་བྱུང་གི་ཁོར་ཡུག་དང་མིའི་ངལ་རྩོལ་ལས་གྲུབ་པའི་ཁོར་ཡུག་གང་ཡིན་རུང་དེའི་ཚེ་སྲོག་གི་རྒྱུ་བ་ཡུན་ག་ཙམ་ཞིག་ལ་གནས་མིན་དང་དུས་ག་ཙམ་ཞིག་ལ་རྫོགས་མིན་བརྒྱ་ཆའི་བདུན་ཅུ་ང་ཚོ་སྟེ་མིའི་ལག་ཏུ་ཡོད་པ་རེད། ཡིན་ནའང་འགྲོ་བ་མིས་ཁོར་ཡུག་ལ་གཅེས་སྤྲས་དང་ཐུགས་ཁུར་དེ་ཙམ་གནང་མེད། རྒྱུ་མཚན་དེ་ལ་བརྟེན་ནས་དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ལ་ཆར་ཆུ་གཏན་འཁེལ་མེད་པ་དང་། རི་ཉུལ་གྱིས་མཚོན་པའི་རང་བྱུང་གི་ཁོར་ཡུག་ལ་ས་བཅུད་ཉམས་པའི་རྟགས་མཚན་ཇེ་མང་དུ་འགྲོ་བཞིན་ཡོད།

ཡིན་ནའང་། བོད་ནི་ཅུང་གནའ་སྔ་མོའི་དུས་ནས་རང་གི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་མཁན་གྱི་གྲས་ཡིན་པ་དང་། སྲུང་སྐྱོབ་ཀྱི་ཐབས་ལམ་ཡང་སྣ་མང་བེད་སྤྱོད་བྱེད་མཁན་ཞིག་ཡིན་ཏེ། དཔེར་ན། རི་ལུང་བསྔོག་ཚེ་གཞི་བདག་ཁྲོས་པ་དང་། ཆུ་རིགས་ལ་འབག་བཙོག་བཟོས་ཚེ་ཀླུ་བཙན་འཁྲུག་པ་སོགས་བདེན་མིན་གང་ལྟར་རང་བྱུང་གི་ཁོར་ཡུག་ལ་ལག་འཇོག་ཕོད་མཁན་ཧ་ལམ་མེད་ཅེས་ཀྱང་ཆོག དེར་བརྟེན་བོད་མི་ཚོས་རང་ས་རང་ཡུལ་ལ་སྲུང་སྐྱོབ་དང་དང་བདག་འཛིན་དོ་དམ་ལེགས་པོ་བྱས་པའི་བཀའ་དྲིན་གྱིས་འཛམ་གླིང་དུ་དཀོན་པའི་རི་དྭགས་དང་སྐྱེ་དངོས། གཏེར་ཁ་དང་ནགས་ཚལ། སྤང་ལྗོངས་དང་ཆུ་བོ་སོགས་ཀྱི་ཕ་ཡུལ་དུ་གྱུར་པ་རེད། གཞན་༸རྒྱལ་དབང་ལྔ་བའི་སྐབས་སུའང་བོད་དུ་རི་རྒྱ་ཀླུང་རྒྱ་བསྡམས་པའི་བཀའ་རྩ་ལག་བསྟར་བྱས་ཏེ་རྒྱ་ནག་གིས་བོད་ལ་བཙན་འཛུལ་མ་བྱས་པའི་ཡར་སྔོན་བར་དུ་གོང་གི་རྩ་ཚིག་དེ་ལས་བརྒལ་མེད་པ་འདྲ་སྟེ། རྒྱལ་དབང་བཅུ་གསུམ་པའི་སྐབས་སུ་ཕྱི་རྒྱལ་དུ་མངགས་པའི་ཆེད་ལས་པ་དག་གི་ཁྲོད་ཀྱི་གཏེར་ཁ་བསྔོག་པར་ཆེད་ལས་བྱས་མྱོང་མཁན་དེས་རང་གི་ཆེད་ལས་བཞག་སྟེ་སྐད་བསྒྱུར་བའི་ལས་ཀ་བྱས་པ་དེས་ཀྱང་བོད་མི་དང་ཁོར་ཡུག་བར་གྱི་འདང་བརྩེ་དེ་གཞན་དང་མི་མཚུངས་པ་ཞིག་ཡིན་པ་རྟོགས་ནུས།

རིམ་བཞིན་རྒྱ་ནག་གི་བཀོད་པ་དང་མི་མང་གི་དཀའ་ངལ་བར་ནས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་བློ་ངོར་ཤོང་དཀའ་བའི་གནོད་སྐྱོན་ཕོག་ཡོད་པ་དང་། དེ་དང་འབྲེལ་ནས་གཏེར་ཁ་འབྲུ་བ་དང་ནགས་ཚལ་གཅོད་པ། རྩྭ་ཐང་བསྔོག་པ་དང་གཙང་པོ་འགོག་པ། རྩ་ཆེའི་རི་དྭགས་རྔོན་པ་སོགས་ལས་ང་ཚོ་འགྲོ་བ་སེམས་ཅན་ཚང་མར་གཅིག་མཐུན་གྱི་དཀའ་ངལ་རབ་འབྲིང་མཐའ་གསུམ་ཡོང་གི་ཡོད་པ་རེད། དེར་བརྟེན་ང་ཚོ་ཐུན་མོང་གིས་སའི་གོ་ལའི་ཚེ་སྲོག་ལ་གཅེས་སྤྲས་དང་རང་གི་བུ་རབས་ཚ་རྒྱུད་ལ་སྡོད་གནས་ཤིག་ཡོད་ཐབས་ལ་ད་ལྟ་སྟེ་དེ་རིང་ནས་འགོ་རྩོམ་དགོས། ཁོར་ཡུག་གླེང་བ་ནི་ཁྱོད་ཀྱི་བུ་རབས་ཚ་རྒྱུད་ལ་ཁྱིམ་གཞི་དྲོན་མོ་ཞིག་བསྐྲུན་པ་ཡིན་ལ། རི་ཆུ་ནགས་གསུམ་གླེང་བ་ནི་ཁྱོད་ཀྱིས་འགྲོ་བ་རིགས་དྲུག་ལ་དགའ་བདེ་ལོངས་སྤྱོད་ཀྱི་འཇིག་རྟེན་གསར་བ་ཞིག་སྐྲུན་པ་དང་ཤིན་ཏུ་མཚུངས་སོ།

དང་པོ། ལྕགས་ར་བཙན་སྐོར་དང་རྩྭ་ཐང་བྱེ་འགྱུར།

མདོ་དབུས་མཐོ་སྒང་ནི་རང་བྱུང་གི་མཛེས་སྡུག་གིས་ཕྱུག་ཅིང་རང་བྱུང་རྩྭ་ཐང་གིས་བོད་ཀྱི་ས་ཆའི་ངོས་ནས་བརྒྱ་ཆ་བདུན་ཅུ་ཟིན་ཡོད། ས་བབ་དང་ཕྱོགས་གང་ཅིའི་ཐད་ནས་འཛམ་གླིང་མི་མང་གིས་ཡིད་སྨོན་བྱེད་ས་ཞིག་ཡིན་པ་རེད། གཤིན་པོའི་རྩྭ་ས་དང་ཡངས་པའི་སྤང་ཐང་གིས་ཕྱུགས་རིགས་ཀྱིས་མཚོན་པའི་སྲོག་ཆགས་རིགས་ཀྱང་མང་པོ་ཞིག་རྒྱུན་འཛིན་བྱེད་ཀྱིན་ཡོད་ལ། དེ་བཞིན་དུ་བོད་ཀྱི་རྩྭ་ས་བདག་གཉེར་བྱས་པ་དེས་སར་གནས་སྐྱེ་ལྡན་ནག་རྫས(carbon)ཧ་ཅང་འབོར་ཆེན་ཉར་སྲུང་བྱས་ཡོད།1 བོད་ཀྱི་རྩྭ་ས་བདག་སྲུང་བྱས་པའི་ནུས་མཐུས་སྐྱེ་ལྡན་(carbon)ཏུན་[ton]ས་ཡ་༧༤༠༠ཙམ་རླུང་ཁམས་ལ་ཐོར་དུ་མ་བཅུག་པར་ཉར་སྲུང་ཡང་བྱས་ཡོད། རྩྭ་ཐང་བེད་སྤྱོད་གཏོང་མཁན་མང་ཤོས་བོད་ཀྱི་རོང་བ་ལས་འབྲོག་པ་ཆགས་ཡོད་པ་དང་ཁོ་ཚོས་ཉམས་མྱོང་དང་བཅས། དབྱར་དགུན་གྱི་དུས་ཚིགས་དང་བསྟུན་ཏེ་གནས་སྤོ་བྱེད་ཀྱིན་ཡོད་ལ་ཕྱུགས་རིགས་ཀྱི་མང་ཉུང་དང་བསྟུན་ཏེ་ཐུན་མོང་གིས་རྩྭ་ས་བེད་སྤྱོད་བྱེད་ཀྱིན་ཡོད་ཀྱང། ལོ་རབས་བཅུ་དགུ་པའི་ནང་འབྲོག་པ་དམངས་ཚོགས་ལ་རྩྭ་སར་ལྕགས་ར་སྐོར་དུ་བཅུག་པ་ནས་བཟུང་བོད་སྤྱི་དང་ལྷག་པར་དུ་བོད་ཀྱི་རྩྭ་ཐང་ལ་ཉམས་ཉེས་ཀྱི་འགོ་བརྩམས་པ་རེད།2 དེའི་རྒྱུ་མཚན་ནི་རྩྭ་སའི་ཁྱོན་ཆུང་བ་དང་ཕྱུགས་ཟོག་གི་རིགས་རྒྱུ་ཡུན་མང་དྲགས་པ། དུས་ཚིགས་བཅད་བགོས་ཀྱིས་གནས་སྤོ་མ་བྱས་པ་སོགས་ལས་རྩྭ་ས་རྩོད་གླེང་དང་། མི་གསོད་ཁྲག་སྦྱོར་གྱི་འགོ་དེ་ནས་བརྩམས་ཏེ་ཁ་རྩང་དེ་རིང་ད་དུང་ཞི་འཇགས་མ་ཐུབ་པར་ལྷག་ཡོད་དོ།།

འབྲོག་ཕྱོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་རྩྭ་སར་གཏོར་སྐྱོན་ཐེབས་སུ་འཇུག་མཁན་ནི་རེ་ལྕག་པ་དང་ཨབ་ར་ཡིན་པར་བསྙད་དེ་3 ཨབ་རར་དུག་འཕངས་ཏེ་གསོད་པ་དང་། རེ་ལྕག་པ་ལ་དུག་དྲངས་ཏེ་རྩད་པ་སྐམ་དུ་བཅུག་པའི་པ་སོགས་ཀྱི་གནས་ཚུལ་ཡང་ཡོད་རབས་འདུག དེ་ནི་ཆེས་ཐབས་སྡུག་གི་བྱེད་སྟངས་ཤིག་སྟེ། བོད་ཀྱི་རྩྭ་ཐང་དང་སྤང་ལྗོངས་ལ་འདི་འདྲའི་ཚབས་ཆེན་གྱི་ཉམས་ཉེས་ཤིག་ཤོར་བའི་རྒྱུ་མཚན་གཙོ་བོ་དེ་རེ་ལྕག་པའི་སྐྱེ་འཚར་མིན་ལ་ཨབ་རའི་གནོད་སྐྱོན་གཅིག་པོ་དེ་བས་ཀྱང་ག་ལ་ཡིན་ཏེ་གཏན་ནས་མིན། དེ་ནི་བོད་ཀྱི་སྲོལ་རྒྱུན་གྱི་འགྲོ་ལུགས་གཞིར་བཞག་གིས་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་དང་བསྟུན་ཏེ་ཕྱུགས་ཟོག་གནས་སྤོ་བྱེད་དུ་མ་བཅུག་པ་དེ་ཡིན། གོང་གི་གནད་དོན་མ་ཤེས་པའི་བྱེད་སྟངས་དེ་ལྟར་ཨབ་ར་དང་རེ་ལྕག་པ་སོགས་རྩ་མེད་དུ་བཟོ་བའི་རིགས་དང་། དེ་བཞིན་དུ་དེ་མ་ཡིན་པའི་རྩྭ་དང་རྩྭི་ཤིང་འདྲ་མིན། ཡང་ན། འདབ་ཆགས་དང་རི་དྭགས་རིགས་མེད་པར་གཏོང་བ་ནི་སྐྱེ་ཁམས་གཏོར་ལག་དང་བདག་མེད་ཀྱི་རི་སྐྱེས་སྲོག་ཆགས་བཅས་པ་མེད་པར་གཏོང་བའི་བྱེད་སྟངས་ཐབས་སྡུག་ཅིག་དང་། བློ་དང་རིག་པ་གང་གིས་ཀྱང་ཅི་ཡང་མི་ནུས་པའི་བྱ་སྤྱོད་ཅིག་ལས་ཞེ་བསམ་པས་ཁོར་ཡུག་ལ་བདག་སྐྱོང་བྱེད་སྟངས་ཤིག་མིན་ཏེ། རྒྱུ་མཚན། མ་གཞི་ནས་འདབ་ཆགས་དང་སྲོག་ཆགས་ཀྱི་རིགས་གང་ཡིན་རུང་། སྐྱེ་འཕེལ་མགྱོགས་པོའི་རིགས་ཡིན་པར་བརྟེན། བོད་མི་མང་པོ་ཞིག་གིས་ཀྱང་དེ་བཞིན་དུ་སྐྱེ་དངོས་རིགས་ཀྱང་སྐྱེ་འཕེལ་མགྱོགས་པོར་བསམས་ཏེ་ཁོར་ཡུག་ལ་གཅེས་སྤྲས་མི་བྱེད་པ་ནི་ནོར་བ་ཡིན་ཏེ། དོན་དངོས་ཀྱི་གནས་ཚུལ་དངོས་ནི་དེ་ལྟར་མིན་པར། བོད་ཀྱི་སྐྱེ་དངོས་ཀྱི་རིགས་ནི་སྲོག་ཆགས་ཀྱི་རིགས་དང་འདྲ་བར་སྐྱེ་འཕེལ་གྱི་དུས་ཚོད་དེ་ཙམ་མི་དགོས་པར་སེམས་པའི་རིགས་ཀྱི་བསམ་ཚུལ་དེ་དག་ལས་ལྡོག་ཕྱོགས་སུ་གནས་ཡོད།

བརླན་གཤེར་ནི་ཁོར་ཡུག་དང་སྐྱེ་དངོས་ལ་ཕན་ཐོགས་ཆེ་ཤོས་ཀྱི་ཆ་ཤས་ཤིག་ཡིན་ཏེ། བརླན་གཤེར་ལ་དབྱར་དུས་ཆར་ཆུ་མོད་དུས་འཇིབ་པ་དང་། དགུན་དུས་ཆར་ཆུ་དབེན་དུས་གློད་གཏོང་བྱེད་པའི་ཐུན་མོང་མ་ཡིན་པའི་ནུས་པ་ཁྱད་འཕགས་ཅན་ཞིག་ཡོད་པ་རེད། དེར་བརྟེན་བོད་ཀྱི་བརླན་གཤེར་ཆེ་བའི་ས་ཁུལ་ཁག་ཏུ་རླུང་ཁམས་ཀྱི་སྐྱེ་ལྡན་ནག་རྫས་(carbon)འབོར་ཆེན་ས་འོག་ཏུ་སིམ་ཉར་བྱེད་པའི་ནུས་པ་ཡོད་རབས་འདུག མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ས་མཐོའི་གཤེར་སས་ཀྱང་ལོ་ཏོག་སོགས་སྐྱེ་འཚར་གྱི་ནམ་དུས་ཁཱར་བྷོན་འབར་རླངས་(carbon dioxide) mg/m ༣༡༦ཙམ་སིམ་ཉར་བྱེད་ཀྱི་ཡོད། སྐྱེ་འཚར་མེད་པའི་ནམ་དུས་སུ་ཁཱར་བྷོན་འབར་རླངས་གྷ་རམ་[g]༥༤༦ཙམ་གློད་གཏོང་བྱེད་ཀྱི་ཡོད་པ་རེད།4

མཚམས་འདིར་ང་ཚོས་ངེས་པར་དུ་ཡིད་གཟབ་བྱེད་དགོས་པ་དེ་ནི་གཤེར་སས་ཁཱར་བྷོན་འབར་རླངས་སིམ་ཉར་བྱེད་དུས་ཉུང་ཙམ་དང་གློད་གཏོང་བྱེད་དུས་མང་ཙམ་བྱེད་པའི་གནད་འགག་འདི་ངེས་པར་དུ་ཤེས་ཐབས་བྱས་ཏེ་སྲུང་སྐྱོང་ཚགས་ཚུད་བྱ་དགོས། རྒྱ་ནག་གི་མཚོ་དང་མཚེའུ་ཁག་དང་། གཙང་ཆུའི་ཉེ་འགྲམ་གྱི་བརླན་ཤས་ཆེ་བའི་འདམ་ཐང་མ་བརྩིས་པའི་རང་བྱུང་གཤེར་ས་བརྒྱ་ཆ ༥༡ ལྷག་བོད་ཀྱི་ས་ཆར་ཡོད་པ་བཤད་འདུག5

བོད་ཀྱི་ས་བབ་ཀྱི་དབང་གིས་རྩྭ་དང་རྩི་ཤིང་གི་རིགས་གང་ཡིན་རུང་སྐྱེ་འཚར་དལ་བ་དང་། དེ་དག་གཏོར་སྐྱོན་ཐེབས་སླ་བ་སོགས་ཀྱིས་བོད་ཀྱི་རྩྭ་ཐང་ལ་བདག་ཉར་ཚགས་ཚུད་བྱ་དགོས་ཡོད་མོད། ཡིན་ནའང་། བོད་ཁུལ་གྱི་ས་ཆ་མང་པོ་ཞིག་ཏུ་ས་རྒོད་བསློག་པ་དང་བྱེ་ཐང་དུ་འགྱུར་བཞིན་པའི་གནད་དོན་ཧ་ཅང་ཚབས་ཆེན་ཡིན་ཏེ། མཚོ་སྔོན་གྱི་ས་རྒོད་བསློགས་པ་ཁྱོན་བསྡོམས་ན་ཕལ་ཆེར་མུའུ་[1亩=666.7 m²]ཁྲི་ཚོ ༡༠༠ ཡན་ལ་བསླེབས་པ་དང་དེའི་ནང་མང་ཆེ་བ་རྩྭ་ས་གཤིན་པོ་བསློགས་པ་དང་། རྩྭ་ཐང་འདྲུད་འཐེན་འཁོར་ལོས་བསློགས་ནས་རྨོ་ཞིང་བྱས་ཏེ་གྲོ་ནས་སྲན་གསུམ་བཏབ་རུང་རྩྭ་རྒོད་ལས་ལོ་ཏོག་སྐྱེས་མེད་པ་དང་། དེ་རུ་སྐྱེས་པའི་རྩྭ་རྒོད་ལ་རྩྭ་བཅུད་མེད་པས་ཕྱུགས་ཟོག་གིས་མི་ཟ་བའི་གནས་ཚུལ་འདུག6

གོང་གི་གནས་ཚུལ་དག་ལས་ཀྱང་ཡ་ང་ཞིང་ཡ་མཚན་པའི་གནས་ཚུལ་ངེས་པར་དུ་ཤེས་དགོས་ཤིང་དོན་དམ་གྱིས་སྲུང་དགོས་པ་ནི། ༡༩༥༦ ལོར་མཚོ་མཐའ་ཁུལ་(མཚོ་སྔོན་པོ)གྱི་བྱེ་ཐང་གི་རྒྱ་ཁྱོན་གྱི་སྤྱི་ལེ་གྲུ་བཞི་མ་[km²]༤༥༢་༡ ཡིན་པ་དང་། ད་ལྟ་སྤྱི་ལེ་གྲུ་བཞི་མ ༧༠༠ བསླེབས་འདུག སྤྱི་ལོ ༡༩༩༧ ལོར་སྲུང་སྐྱོབ་ཁུལ་དུ་བྱེ་སྒང་ཕལ་ཆེར་མེད་ཅེས་བཤད་ཆོག་མོད། ད་སྐབས་རྒྱ་ཁྱོན་ལ་མུའུ་༦༠༠ ཡོད་པའི་འགུལ་སྐྱོད་རང་བཞིན་ཅན་གྱི་བྱེ་སྒང་ཞིག་ཆགས་7 ཡོད་པ་དེ་དང་། དེ་བཞིན་དུ་ཀརྨ་ཀུན་ཁྱབ་ཀྱི་རྩོམ་ཡིག་<<སྔོ་ཡི་བུ་མོ་སྤུན་བདུན་གྱི་སྨེ་སྔགས>>ཞེས་པར་བོད་ཀྱི་ས་ཆ་བྱེ་སར་འགྱུར་ཚད་དེ་ས་ཆ་སྤྱིའི་བརྒྱ་ཆའི་18ཙམ་ཟིན་གྱི་ཡོད་པ་དང་། ཐང་རྒོད་ཅན་གྱི་ས་ཆ་དེ་ས་ཆ་སྤྱིའི་བརྒྱ་ཆའི་26ཟིན་ཡོད་པས། རྒྱལ་ཡོངས་སུ་ཤིན་ཅང་། ནང་སོག་ཕུད་པའི་རྒྱལ་ཡོངས་ཀྱི་ས་ཆ་བྱེ་ཐང་ཅན་དུ་འགྱུར་ཚད་ཨང་གསུམ་པར་བསླེབས་ཡོད་ཚད་བཤད་འདུག8 འདི་དང་འདི་ལྟ་བུའི་གནོད་ཚབས་རང་བཞིན་ཅན་གྱི་གསར་འགྱུར་རིགས་ང་ཚོའི་མིག་གི་མདུན་དང་རྣ་བའི་ནང་དུ་ཇི་ལྟར་བླུགས་ཀྱང་གོང་རིམ་ནས་ཁ་ནས་བཤད་དེ་ལག་པ་རུམ་དུ་བཅུག་པའི་གནད་དོན་ལྷག་ཡོད་པ་ངེས་པར་དུ་ཤེས་དགོས་མོད། ཡིན་ནའང་བོད་མི་ཚོར་རང་གི་ཁོར་ཡུག་ལ་སྲུང་སྐྱོབ་ཀྱི་བདག་དབང་མེད་པ་འདིས་སའི་གོ་ལའི་ཕྱོགས་ངོས་ཤིག་ཟད་ཀྱིན་པ་སུ་ལ་བཤད། ཡིན་ནའང་རང་ནུས་ཡོད་དགུས་བོད་ཀྱི་རི་ཆུ་ནགས་གསུམ་དང་། བོད་ཀྱི་རྟ་ནོར་ལུག་གསུམ། དེ་བཞིན་དུ་རི་དྭགས་དང་སྐྱེ་དངོས་ཚང་མར་ལྟ་སྟངས་གཅིག་གིས་སྲུང་སྐྱོབ་དང་དོ་དམ་ཚགས་ཚུད་དམ་པོ་བྱེད་དགོས།

གཞུང་འབྲེལ་གྱི་ངོས་ནས་རྒྱབ་སྐྱོར་ཡོད་མེད་གང་ལྟར་ཡང་། རང་རང་ངོས་ནས་འགྱོད་པ་མེད་པ་ཞིག་བྱེད་རྒྱུ་གལ་ཆེན་ནང་གི་འགངས་ཆེན་ཡིན་པས་བོད་མི་ས་ཡ་དྲུག་པོས་དེ་ལུགས་ཀྱིས་ཐུགས་ཁུར་གནང་དགོས་པ་དང་། དེ་ལུགས་ཀྱིས་བོད་ཀྱི་སྐྱེ་ཁམས་ལ་གཏོར་ཞིག་མ་ཐེབས་པར་དོ་སྣང་བྱ་དགོས་པ་དང་། དེ་བཞིན་དུ་རང་གི་ཁྱིམ་མི་དང་སྡེ་མི་སོགས་ལའང་ཁོར་ཡུག་གི་དགེ་ཕན་དང་ནུས་པ་སོགས་ངོ་སྤྲོད་པའི་འགན་རང་ལེན་དགོས་སོ།

གཉིས་པ། མི་སེར་རྒྱུད་སྤེལ་དང་གྲོང་ཁྱེར་འཛུགས་སྐྲུན།

རྒྱལ་ཁབ་ཅིག་དང་མི་རིགས་ཤིག་རྩ་མེད་དུ་གཏོང་དགོས་ཚེ་ཐོག་མའི་ལག་པ་བསྲིང་སྟངས་ནི་མི་སེར་རྒྱུད་སྤེལ་དང་མི་རིགས་དེའི་མི་མང་དམངས་ཚོགས་ལ་མགོ་སྐོར་བཏང་སྟེ་གྲོང་ཁྱེར་འཛུགས་སྐྲུན་ཡིན་པ་རེད། དེ་བཞིན་དུ་བོད་དུ་མི་སེར་སྤེལ་བའི་སྲིད་ཇུས་ཐོག་མར་འཛུགས་མཁན་མའོ་ཙེ་ཏུང་ཡིན་པ་དང་། ཁོས་སྤྱི་ལོ་༡༩༥༢ ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་དུ་མི་འབོར་ལྡབ་ལྔ་སྤེལ་དགོས་པའི་གྲོས་འགོ་བཏོན་པ་རེད།1 དེ་དང་བསྟུན་ཏེ་བོད་དུ་ཆེ་ས་ནས་ལམ་བཟོ་བ་དང་ཤིང་བཟོ་བ། ཆུང་ས་ནས་ལྷམ་བཟོ་བ་དང་འཚེམ་བཟོ་བ་སོགས་ལ་ཁ་གཡར་ཏེ་མི་འབོར་ས་ཡ་མང་པོ་གནས་སྤོ་བྱས་ཡོད། མི་འབོར་གནས་སྤོ་བྱེད་སྟངས་ཀྱང་ཆེས་སྡུག་རྩུབ་ཀྱི་རྣམ་པ་ཅན་ཡིན་ཏེ། དབུས་གཙང་དང་མདོ་སྟོད་ཀྱི་ས་ཁུལ་ཁག་ཅིག་ལ། སྤྱི་ཁྱབ་ས་ཁུལ་དྲུག་དང་། རྫོང་ཁག་བདུན་ཅུ་དོན་གཉིས་དབྱེ་སྟེ་བོད་རང་སྐྱོང་ལྗོངས་ཞེས་བཏགས་པ་དང་། མདོ་སྨད་ཀྱི་ཡུལ་སྡེ་ཕྱེད་ཀ་ལྷག་གི་ཐོག་ལ་ཁམས་སྒ་བ་ནང་ཆེན་སོགས་བསྣན་ནས་ས་ཁུལ་གཅིག་དང་། རང་སྐྱོང་ཁུལ་དྲུག རྫོང་ཁག་༣༨དབྱེ་སྟེ་མཚོ་སྔོན་ཞིང་ཆེན་ཞེས་བཏགས། དེ་བཞིན་རྒྱ་ནག་ཟི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་ཨ་མདོའི་རྫོང་ཁག་བཅུ་གསུམ་དང་། ཁམས་ཀྱི་རྫོང་ཁག་བཅུ་དགུ་བཅད་ཡོད་པ་དང་། ཀན་སུའི་ཞིང་ཆེན་གྱི་ཁོངས་སུ་ཨ་མདོའི་རྫོང་ཁག་བརྒྱད་དང་། ཡུན་ནན་ཞིང་ཆེན་ཁོངས་སུ་ཁམས་ཀྱི་རྫོང་ཁག་གསུམ་བཅད་བགོས་ཀྱིས། རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་གི་མིང་བཏགས་ཡོད་པ་མ་ཟད། ད་དུང་བོད་རྒྱའི་མཚམས་ཀྱི་ཡུལ་སྡེ་མང་དག་ཅིག་ཐད་ཀར་རྒྱ་ནག་གི་རྫོང་ཁག་ཁ་ཤས་ཀྱི་ཁོངས་སུ་ཟླ་སྒྲིལ་བཏང་ཡོད་པ་2 ནི་ཧམ་སེམས་ཀྱི་མཚེ་བ་གཙིགས་སྟངས་ཤིག་ཅི་ལ་མིན།

རྒྱ་ནག་བོད་ལ་མ་སླེབས་གོང་དུ་བོད་དུ་རྒྱ་མི་རིགས་གཅིག་ཀྱང་མེད་པའང་མིན་ཏེ། ཚོང་ལས་ཙག་ཙིག་དང་ཕྱུགས་ལས་ཐོན་རྫས་མར་ཆུར་དང་བལ་རྩིད་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་དང་། རྒྱ་གཞུང་གིས་རྒྱང་ཕུད་ལ་བཏང་བ་སོགས་ཁྱོན་བསྡོམས་རྒྱ་ནག་པ་ཆིག་འབུམ་ཡས་མས་ཤིག་ཡོད་རབས་འདུག་མོད། བོད་ཀྱི་ས་གནས་དཔོན་རིགས་དང་ཞིང་བདག་ལ་རྒྱབ་བརྟེན་མ་བཅོལ་བར་འཚོ་སྡོད་དཀའ་བས་གནས་སྟངས་ཧ་ཅང་ཉག་ཕྲ་བ་ཡོད་པ་རེད།3 རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་ཁོར་ཡུག་ལ་གཏོར་སྐྱོན་གཅིག་པུས་མི་ཚད་པར་མི་སྣ་གྲགས་ཅན་གང་མང་ཞིག་ཀྱང་གར་སོང་ཆ་མེད་དུ་བཏང་བ་དང་། དབང་བོ་སྐྱོན་ཅན་དང་ཉེས་མེད་བཙོན་འཇུག་བྱས་པ་སོགས་ཡ་མཚན་ཞིང་ཧོན་འཐོར་དགོས་པའི་གནས་ཚུལ་སོགས་ཤིན་ཏུ་མང་ཡང་སྐབས་སུ་བབ་པ་དང་འབྲེལ་ཤུགས་ཆེན་མེད་པར་གླེང་བར་མི་བྱའོ།།

སྤྱི་ལོ་༡༩༨༠གྱ་གྲངས་ནས་རྒྱ་ནག་དབུས་གཞུང་གིས་བོད་ལ་མི་སེར་སྤེལ་བའི་སྲིད་ཇུས་ཤུགས་ཆེ་རུ་བཏང་སྟེ་མདོ་དབུས་ཁམས་གསུམ་ལ་རྒྱ་མི་འབོར་ཆེན་བཏང་ཡོད་པ་དཔྱད་གཞིའི་ཡིག་ཆ་གཞིར་བཟུང་བ་ཡིན་ན། དབུས་ཕྱོགས་སམ་བོད་རང་སྐྱོང་ལྗོངས་ལ་སྤྱི་ལོ་༡༩༨༤ལོའི་ཟླ་ལྔ་བའི་ནང་ཨར་ལས་དང་། གློག་ཁང་། བཟོ་གྲྭ། སློབ་གྲྭ། ཟ་ཁང་། རིག་གཟུང་བསྟི་གནས་ཁང་སོགས་གསར་རྒྱག་གི་ལས་རིགས་ལ་ཁ་གཡར་ཏེ་ལས་4 མི་ཁྲི་དྲུག་བོད་ལ་མངགས་པ་དང་། སྤྱི་ལོ་༡༩༨༥ལོའི་དབྱར་དུས་ཀྱང་ཟི་ཁྲོན་ནས་ཡིན་པའི་རྒྱ་རིགས་བཟོ་པ་ཁྲི་དྲུག་སྐོར་བོད་རང་སྐྱོང་ལྗོངས་སུ་འབྱོར་ཡོད་5 པས་ཀྱང་མི་ཚད་དེ། སྤྱི་ལོ་༡༩༩༡ཟླ་དང་པོའི་ནང<<པེ་ཅིང་བསྐྱར་ཞིབ།>>ཅེས་པར་རྒྱ་རིགས་མི་འབུམ་༣་བོད་རང་སྐྱོང་ལྗོངས་ཀྱི་འཛུགས་སྐྲུན་ནང་ཞུགས་རྒྱུའི་གྲ་སྒྲིག་ཡོད་སྐོར་འཁོད་འདུག་ལ།6 བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ཁ་གཅིག་པོའི་ནང་སྤྱི་ལོ་༡༩༨༧ནས་༡༩༩༢་བར་དུ་རྒྱ་རིགས་ཉིས་ཁྲི་བརྒྱད་སྟོང་ཙམ་འབྱོར་ཡོད་པ་དང་། དེ་བཞིན་དུ་ནགས་ཆུར་སྤྱི་ལོ་༡༩༨༩ནས་༡༩༩༢པར་དུ་རྒྱ་རིགས་ཉིས་ཁྲི་བདུན་སྟོང་དང་། མངའ་རིས་ནས་སྤྱི་ལོ་༡༩༨༦ནས་༡༩༩༢གོ་གཉིས་པར་དུ་རྒྱ་རིགས་༤༣༨༦༠འབྱོར་འདུག བོད་རང་སྐྱོང་ལྗོངས་མ་ཡིན་པའི་ཁམས་ཕྱོགས་དང་ཨ་མདོའི་ཕྱོགས་ལའང་རྒྱ་མི་འབོར་ཆེན་བཏང་ཡོད་དེ།7 སྤྱི་ལོ་༢༩༩༠ནས་༡༩༩༥བར་དུ་བོད་རང་སྐྱོང་ལྗོངས་མ་ཡིན་པའི་ས་ཁུལ་ཁག་གི་མི་འབོར་༧༧༤༢༠༠༠ཡོད་པའི་ནང་ནས་བོད་རིགས་གྲངས་འབོར་༢༥༤༦༥༠༠ལས་མེད་པ་བརྒྱ་ཆར་བགོས་ན་༣༢་༨༩ཡིན།

བོད་ཡུལ་རྒྱ་མིའི་མི་སེར་སྤེལ་ཡུལ་དུ་གྱུར་སྟངས་དང་རང་སྐྱོང་ཁུལ་ཁག་ལ་རྒྱ་མི་ཁག་བགོ་སྟངས་འདི་ལྟར་ཡིན་ཏེ།8 མཚོ་སྔོན་ཞིང་ཆེན་གྱི་མི་འབོར་༤༧༤༩༠༠༠ཡོད་པ་ལས་བོད་མི་༩༧༢༦༠༠ལས་མེད་པས་བརྒྱ་ཆ་ཉི་ཤུ་དང་ཚེག་ཞེ་བརྒྱད་ཡིན། ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། དཔའ་རིས་བོད་རིགས་རང་སྐྱོང་རྫོང་གི་མི་འབོར་༨༣༧༠༠༠ཡིན་པ་དང་། དེའི་ཁྲོད་ཀྱི་བོད་མིའི་གྲངས་འབོར་༣༥༧༧༠༠ཡིན་པས་བརྒྱ་ཆ་ཞེ་གཉིས་དང་ཚེག་དོན་བཞི་ཡིན། ཟི་ཁྲོན་ཞིང་ཆེན་གྱི་རྔ་བ་བོད་རིགས་རང་སྐྱོང་ས་ཁུལ་དང་། དཀར་མཛེས་བོད་རིགས་རང་སྐྱོང་ས་ཁུལ། རྨི་ལི་བོད་རིགས་རང་སྐྱོང་ས་ཁུལ་བཅས་ཀྱི་མི་འབོར་༡༨༢༠༠༠༠ཡིན་པ་དང་། དེའི་ནང་བོད་མིའི་གྲངས་འབོར་༡༡༠༥༠༠༠ཡིན་པ་དང་། བརྒྱ་ཆ་དྲུག་ཅུ་དང་ཚེག་བདུན་ཅུ་དོན་གཅིག་ཡིན་པས་བོད་མི་འདུས་སྡོད་ཅུང་མང་ཤོས་ལ་རྩིས་ཆོག ཡུན་ནན་ཞིང་ཆེནབདེ་ཆེན་བོད་རིགས་རང་སྐྱོང་ས་ཁུལ་གྱི་མི་འབོར༣༣༦༠༠༠ཡིན་པ་དང་། བོད་མིའི་གྲངས་འབོར་༡༡༡༢༠༠ ཡིན་པས་བརྒྱ་ཆ་སོ་གསུམ་དང་ཚེག་བཅུ་རེད།9

བོད་རང་སྐྱོང་ལྗོངས་ཀྱི་ནང་རྒྱ་གཞུང་གིས་ཐད་ཀར་བཀོད་སྒྲིག་བྱས་པའི་ལས་བྱེད་དང་གཏེར་ཁེ་ལས་ལག་རྩལ་མི་སྣ། དེ་དག་གི་ནང་མི་སོགས་བདུན་འབུམ་ནས་བརྒྱད་འབུམ་བར་དང་། རྒྱ་ནག་པའི་ཚོང་ལས་མི་སྣ་སུམ་འབུམ་ལྷག དམག་མི་དང་དམག་མིའི་ནང་མི། དམག་ཁོངས་སུ་གཏོགས་པའི་བཟོ་གྲྭ་དང་ཞིང་ར་སོགས་ཀྱི་ལས་བཟོ་བ་བཞི་འབུམ་ནས་བཞི་འབུམ་ལྔ་ཁྲི་བཅས་ཁྱོན་བསྡོམས་རྒྱ་རིགས་ས་ཡ་གཅིག་དང་བཞི་འབུམ་ནས་ས་ཡ་གཅིག་དང་ལྔ་འབུམ་བར་ཡོད་པའི་10 བསྡོམས་རྩིས་བཀོད་པ་འདི་ལས་ཀྱང་ང་ཚོ་སྟེ་བོད་མི་ཞིག་གི་ངོས་ནས་ཧ་ལས་མོད། ཡིན་ནའང་། ༡༩༩༠ ལོའི་རྒྱ་གཞུང་གི་ཐེངས་བཞི་པའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཟེར་བའི་སྡོམ་རྩིས་གྲངས་འབོར་དུ་བཀོད་པའི་རྒྱ་ནག་པ་ས་ཡ་གསུམ་ལྷག་དང་། དེའི་ནང་མ་ཚུད་པའི་བཙོན་རའི་བཟོ་གྲྭ་དང་ཞིང་ར་སོགས་ཀྱི་ལས་བཟོ་བ་སུམ་འབུམ་དང་། དམག་མི་དང་དམག་ཁོངས་ཀྱི་ལས་རིགས་གཞན་པའི་བཟོ་བ། དེ་དག་གི་ནང་མི་སོགས་བཞི་འབུམ་ལྔ་ཁྲི་ཡས་མས། དེ་བཞིན་དུ “བྱེས་འགྲུལ་མི་འབོར”ཟེར་བ་ཉིས་འབུམ་ལྔ་ཁྲི་ནས་སུམ་འབུམ་བར་ཡོད་པ་བཅས་བསྡོམས་ན། རྒྱ་རིགས་ས་ཡ་བཞི་ལྷག་དང་། རྒྱ་ནག་གི་ཞིང་ཆེན་གསུམ་དང་ཟླ་སྒྲིལ་བཏང་སྟེ། རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་གི་མིང་བཏགས་པའི་བོད་ཀྱི་ཡུལ་ཁག་ཏུ་རྒྱ་ནག་གནས་སྤོས་པ་ས་ཡ་གཉིས་ལྷག་བཅས་བསྡོམས་ན། ས་ཡ་བདུན་དང་ལྔ་འབུམ(བོད་ཀྱི་མཐའ་མཚམས་ཀྱི་ཡུལ་སྡེ་དག་ཏུ་གནས་པའི་རྒྱ་རིགས་ཀྱི་གྲངས་འབོར་ཐེ་མེད། )བརྒལ་ཡོད།11

 

གོང་གི་ལྟ་སྟངས་འདི་མ་ཡིན་པའི་བོད་ཡུལ་གྱི་རྒྱ་མིའི་མི་འབོར་ལ་ལྟ་སྟངས་ཤིག་ཀྱང་ཡོད་དེ། ༡༩༩༢ལོར་བོད་དུ་ཕྱིན་པའི་ཕྱི་རྒྱལ་ཡུལ་སྐོར་བ་ཞིག་གིས་ཞིབ་འཇུག་གི་གྲངས་ཐོ་འདི་ལྟར་བཀོད་འདུག་སྟེ། ལྷ་སའི་བར་སྐོར་ནང་མ་བརྩིས་པའི་སྲང་ལམ་ཁག་ཏུ་ཚོང་ཁང་དང་།ཟ་ཁང་སོགས་གྲངས་༡༢༢༢༧ཡོད་པ་ལས་བོད་མི་རང་གིས་གཉེར་བཞིན་པ་གྲངས་སུམ་བརྒྱ་ཙམ་ལས་མེད་པ་དང་། ཁམས་ཚ་བ་དཔའ་ཤོད་དུ་རྒྱ་མིས་གཉེར་བཞིན་པའི་ཚོང་ཁང་དང་ཟ་ཁང་གྲངས་༡༣༣ཡོད་པ་དང་། བོད་མིས་གཉེར་བའི་གྲངས་༡༥ཡིན་པ་རེད།

དེ་བཞིན་དུ་ཆབ་མདོར་རྒྱ་མིས་གཉེར་བཞིན་པའི་ཚོང་ཁང་དང་ཟ་ཁང་༧༤༨ཡོད་པ་དང་། བོད་མིས་གཉེར་བཞིན་པ་༩༢ལས་མེད་12 པས་ཀྱང་ང་ཚོར་གསལ་གསལ་ཐིང་ཐིང་གིས་རྒྱ་མིའི་གྲངས་འབོར་རགས་རིམ་ཞིག་བསྟན་འདུག་པ་དང་། གོར་མོ་ལྟ་བུར་མཚོན་ན། སྔོན་མ་བོད་རིགས་འབྲོག་པ་བརྒྱ་ཕྲག་ཁ་ཤས་ལས་མེད་པའི་ལུང་སྟོང་ཞིག་ཡིན་རུང་།ད་ལྟ་རྒྱ་རིགས་ཀྱིས་ཁེངས་པའི་ཨ་མདོའི་གྲོང་ཁྱེར་ཆེ་ཤོས་གཉིས་པ་ཆགས་ཡོད་པ་དང་། སྤྱི་ལོ་༡༩༩༤ལོར་གོར་མོའི་མི་འབོར་༨༨༥༠༠ཡོད་པའི་ནང་བོད་རིགས་༣༦༠༠ལས་མེད་པ་དེ་ནི་བརྒྱ་ཆ་བཞི་ཚག་བཞི་རེད།13 ཉེ་སྔོན་ངས་དྲ་ཐོག་ཏུ་གོར་མོ་(格尔木)ཞེས་འཚོལ་ཞིབ་བྱས་དུས་ཁྱོན་བསྡོམས་མི་འབོར་ཁྲི་སུམ་ཅུ་རེད་འདུག དེ་ལྟར་ཡིན་དུས་སྤྱི་ལོ་༡༩༩༤ནས་༢༠༡༣་བར་དུ་མི་འབོར་གྲངས༢༡༡༥༠༠འཕར་འདུག

དེ་ལྟར་རྒྱ་མི་མང་པོ་བོད་དུ་གནས་སྤོར་བྱེད་དུ་བཅུག་ཡོད་པ་དང་། དེ་བཞིན་དུ་ཕྱོགས་འཐོར་དུ་ལྷིང་འཇགས་ཀྱིས་འཚོ་བ་རོལ་བཞིན་པའི་བོད་མི་ཚོ་རྒན་གསོ་ཁང་ལ་གྲ་སྒྲིག་བྱས་པ་མིན་འགྲོ་སྙམ་པའི་རྡོ་ཁང་ལས་ཏེ “འགྲོ་སོང་ཕྱེད་བཅག་བྱེད་པའང་རེ་གཉིས་ཡོད”དེ་རུ་འཇུག་པའི་ལས་རིམ་ངན་པ་ཞིག་འགྲོ་བཞིན་ཡོད་པ་དང་། རྒྱ་མི་འདུས་སྡོད་མང་སའི་ས་ཁུལ་ཁག་ཏུ་ཁང་བརྩེགས་མཐོན་པོ་དང་གྲ་དག་པོ་བརྒྱབ་སྟེ་རྒྱ་མི་རང་གིས་བཟུང་ནས་ཚོང་ལས་ལ་དམིགས་ཏེ་ཟ་ཁང་དང་ཚོང་ཁང་བཟུང་ཡོད་པ་དང་། དེ་མ་ཡིན་པའི་གཞང་ཁང་སོགས་བཙུགས་ཏེ་བོད་ཀྱི་མི་རབས་གསར་པ་ཚོར་ལམ་སྟོན་མི་ལེགས་པ་དང་ཀུན་སྤྱོད་མི་ལེགས་པ་བཞག་དང་འཇོག་གི་ཡོད་ནི་བཟོད་པར་མི་ནུས་པ་ཞིག་རེད་ཨང་།

གཉིས་པ། མི་སེར་རྒྱུད་སྤེལ་དང་གྲོང་ཁྱེར་འཛུགས་སྐྲུན།

གཏེར་ཁ་ནི་གློ་བུར་བརྡོལ་བ་དང་རང་བྱུང་གིས་འབབ་པ་ཞིག་མིན་པར་མིའི་ངལ་རྩོལ་དང་ཚན་རིག་གི་རྫས་སྦྱོར་སོགས་ཀྱིས་ཚོད་ལྟ་རིམ་པ་བཞིན་བརྒྱུད་དེ་ཐོན་སྐྱེད་བྱས་པའི་གྲུབ་འབྲས་ཤིག་ཡིན། གཏེར་ཁས་ས་བཅུད་བཟུང་ཡོད་པས་ང་ཚོས་གང་བྱུང་གིས་སྔོག་སློག་བྱེད་མི་འོས། བོད་ཀྱི་བཙན་པོ་རིམ་བྱོན་བརྒྱུད་དེ་དགའ་ལྡན་ཕོ་བྲང་གི་བར་དུ་བོད་ཀྱིས་རང་བྱུང་ཁོར་ཡུག་ལ་གནོད་ཚབས་ཆེ་བའི་གཏེར་ཁ་བསློག་འདོན་བྱས་མེད་པ་ང་དགུའི་སྔོན་གྱི་ས་ཡི་བཅུད་དང་རི་ཡི་དབྱིབས་ལ་བལྟས་ཀྱང་ངེས། བཙན་པོ་རིམ་བྱོན་དང་དགའ་ལྡན་ཕོ་བྲང་གི་སྐབས་སུའང་གཏེར་ཁ་བསློག་འདོན་གྱི་ལག་རྩལ་དང་རིག་རྩལ་མེད་པ་མིན་ཏེ། བོད་ཀྱི་མཛངས་མི་དང་པོ་བཙན་པོ་རུ་ལས་སྐྱེས་ཀྱིས་སྐབས་དེ་དུས་ནས་གཏེར་རྡོ་བཞུས་ནས་གསེར་དངུལ་ཟངས་ལྕགས་བཙོ་སྦྱངས་བྱས་ཡོད་པས་མཚོན་ནུས་ལ། རྒྱལ་དབང་ལྔ་བའི་སྐབས་སུ་རི་རྒྱ་ཀླུང་རྒྱ་བསྡམས་པའི་སྒྲིག་ཁྲིམས་སོགས་ཀྱི་ཟུར་ནས་ཀྱང་ཤེས་སླའོ།

སྤྱིར་བཏང་ནས་བོད་ཀྱི་ཡུལ་དུ་གཏེར་ཁ་རིགས་བརྒྱ་ཕྲག་ལྷག་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། གསོག་ཚད་དང་སྤུས་ཚད་སོགས་འཛམ་གླིང་ཐོག་གི་ཨང་དང་པོར་སླེབས་པ་ཀོ་ལྕགས(chromite)ཚ་ལ་དཀར་པོ།(borax) ཡུའུ་སྣུམ (Uranium) སོགས་རང་བྱུང་གི་ཐོན་ཁུངས་ནས་བཙག་པ་དང་བཞུས་པའི་རིན་ཐང་བླ་ན་མེད་པའི་རླངས་སྣུམ། (Petrol)ཌི་སེལ་སྣུམ། (Diesel)མཱེ།(Magnesium)ལིས(Lithium)སོགས་ཡོད་མོད། ཡིན་ནའང་བོད་མི་རང་གི་ཁོར་ཡུག་ཉམས་རྒུད་ལ་བསམ་ཤེས་བྱས་ཏེ་བསློག་འདོན་ཚབས་ཆེན་དང་ཚད་བརྒལ་བྱས་མེད་མོད། འོན་ཏང་། རྒྱ་ནག་བོད་ལ་སླེབས་པ་ནས་བཟུང་རང་བྱུང་གི་གཏེར་ཁ་བསློག་འདོན་ཚད་ལས་བརྒལ་བ་བྱས་དང་བྱེད་བཞིན་པ་ཡིན་ཏེ། གཏེར་དངོས་དཀོན་གྲས་ཀོ་ལྕགས་གཅིག་པོར་ཆ་བཞག་ན། རྒྱ་དམར་དབུས་གཞུང་གིས་ནག་ཆུ་ས་ཁུལ་དུ་ཡོད་པའི་ཤར་རླུང་ཀོ་ལྕགས་སྔོག་འདོན་རུ་ཁག་ཟེར་བར་བཅིངས་འགྲོལ་རྟགས་ཅན་གྱི་ཟོང་འདྲེན་རླངས་འཁོར་བརྒྱ་དང་ལྕ་བཅུ་ལྷག་ཐད་ཀར་གསོལ་རས་གནང་ཡོད་ལ། ལོ་རབས་དྲུག་ཅུ་པའི་ནང་གཅིག་པོར་ཀོ་ལྕགས་ཏུན་སུམ་ཁྲི་ཉིས་སྟོང་ལྷག་རྒྱ་ནང་དུ་རྐུ་འདྲེན་བྱས་1 ཡོད་པ་དང་། སྤྱི་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་གསུམ་ལོའི་ལོ་མཇུག་བར་མ་བཅོས་རྡོ་སྣུམ་ཏུན་༣༤༢༩༠༠༠དང་། རླངས་སྣུམ་ཏུན༧༨༠༠༠༠། ཌི་སེལ་སྣུམ་ཏུན༦༡༢༥༠༠བཅས་ཀྱི་ཐོན་འབབ་རྒྱ་སྒོར་དུར་ཕྱུར་བཅུ་གཅིག་དང་ཚེག་དྲུག་ལྷག་སྔོག་འདོན་བྱས་ཡོད།2 དེ་བཞིན་དུ་གཅིག་སྟོང་དགུ་བརྒྱ་བདུན་ཅུ་ལོ་གཅིག་པོར་ཡང་མ་བཅོས་རྡོ་སྣུམ་ཏུན་[ton]༣༡༤༨༠༠༠ལྷག་བསྔོགས་ནས་རྒྱལ་ཁབ་ལ་སྒོར་བྱེ་བ་གཅིག་དང་ས་ཡ་དྲུག་བདུན་འབུམ་དྲུག་ཁྲི་ལྔ་སྟོང་ལྷག་གི་ཁེ་ཕན་ཕུལ་ཡོད།3

དེ་མ་ཡིན་པའི་ཞ་དང་ཏི་ཚ། གསེར་དང་ཟངས་སོགས་ལས་གྲུབ་པའི་ཚ་འདམ་གཤོང་སའི་གཤའ་ལྕགས་རི་བོའི་རི་ཞོལ་བར་དུ་སྤྱི་ལེ་བཅུ་ལྷག་ཡོད་པའི་ལྕགས་ལམ་ཞིག་རྒྱ་གཞུང་གིས་གསར་དུ་བཟོས་ཤིང་། ༡༩༧༨་ལོའི་ཟླ་བདུན་པར་རི་བོ་དེའི་ཞ་དང་ཏི་ཚའི་གཏེར་ཁ་སྔོག་འདོན་བྱས་ཏེ་རྒྱ་ནག་གི“དྲུག་བཞིའི་འཆར་གཞི”ཟེར་བའི་གྲས་སུ་བཀོད།5 གཞི་རྒྱ་ཆེན་པོས་བོད་ཀྱི་ཞ་དང་ཏི་ཚ་སྔོག་འདོན་བྱས་ནས་ལོ་རེར་ཆ་སྙོམས་ཞ་ཉེ་ཏུན་སུམ་ཁྲི་དང་། ཏི་ཚ་ཏུན་བཞི་ཁྲི། དེ་བཞིན་གསེར་དང་དངུལ་དཀར། དེ་མིན་གཞན་གྱི་གཏེར་རྫས་དཀོན་རིགས་ཀྱང་ཐོན་བཞིན་པ་རྒྱ་གཞུང་གིས་སྔོག་འདོན་དབོར་འདྲེན་བྱེད་བཞིན་མཆིས། འདི་ཙམ་གྱིས་བོད་ཡུལ་གྱི་གཏེར་ཁ་རྫོགས་མི་སྲིད་མོད། འདི་ཙམ་གྱིས་ག་ནས་ཚད་དེ་ཡེ་ནས་མི་ཚད་པར་མདོ་སྨད་ཀྱི་ཚ་འདམ་གཤོང་སའི་ཅཱ་ལུད་སྔོག་འདོན་གྱི་ཚད་གཞི་ནི་ཆ་སྙོམས་ལོ་རེར་ཏུན་འབུམ་བཅུ་ལྷག་དང་། ཡོང་འབབ་རྐྱང་བ་རྒྱ་སྒོར་ས་ཡ་གསུམ་ལྷག་རྒྱ་གཞུང་ལ་ཕུལ་འདུག་པ་དང་།

གཞན་“ཚ་ཡི་འཇིག་འཇིག་རྟེན”དུ་གྲགས་པའི་ཚ་འདམ་གཤོང་ནས་སྤྱི་ལོ་ ༡༩༨༠་ནས་༡༩༨༢བར་དུ་རྒྱ་གཞུང་གིས་མ་བཅོས་ཚྭ་ཏུན་༢༨༩༠༠༠༠ལྷག་དང་། ཡོང་འབབ་རྐྱང་བ་སྒོར་བྱེ་བ་གཅིག་དང་ས་ཡ་བཞི་བདུན་འབུམ་བདུན་ཁྲི་ལྷག ཁྲལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བཞི་ལྷག་རྒྱ་གཞུང་ལ་ཕུལ། གྲངས་ཀ་དེ་རྒྱ་གཞུང་གིས་ཐོག་མར་ཚྭ་སྔོག་འདོན་བྱེད་སྐབས་ཀྱི་འཛུགས་སྐྲུན་མ་དངུལ་གྱི་ལྡབ་ཉི་ཤུ་ལྷག་རེད།5

རང་ཉིད་ས་གནས་ས་ཐོག་རང་དུ་ཕྱིན་ཏེ་རང་ཉིད་ཀྱི་མཐོང་ཐོས་དངོས་ནས་བཤད་ཀྱང་། ཡ་མཚན་ཞིང་ཧ་ལས་སྲིད་དེ། སྤྱི་ལོ་ཉིས་སྟོང་གསུམ་བཞིའི་བར་ལ་བོད་ལྗོངས་ཀྱི་བཙན་པོ་སྲོང་བཙན་འཁྲུངས་ཡུལ་བརྒྱུད་དེ་ཡར་ཕྱིན་ཚེ། རྫ་རི་མཐོན་པོ་དང་རྫ་ཆུ་དྭངས་མོ་ཤིན་དུ་མོད་པོ་ཡོད། དེ་སྐབས་ཟླ་དྲུག་པའམ་བདུན་པ་གཉིས་ཀྱི་གང་རུང་ཞིག་ཡིན་ཚོད་ཡོད།

ལྷ་ས་རང་ལ་ཆར་བ་འབབ་ཀྱིན་ཡོད་རབས་ཐོས་རུང་ས་གནས་དེ་རུ་ཁ་བ་འབབ་བཞིན་འདུག མཚམས་མཚམས་མིའི་འཐུང་ཆུ་སྟེ་ཆུ་མིག་དག་དར་དང་ཁ་བས་གཡོགས་པར་བརྟེན་ལས་མི་ཚོས་ཁ་བ་བཞུས་ཏེ་ཆུ་འཐུང་བ་ལས་འཐུང་ཆུ་རེག་ཐབས་མི་འདུག ས་གནས་དེ་ནི་གཏེར་ཁ་སློག་འདོན་གྱི་ས་ཚིགས་ཤིག་རེད། སྔོག་འདོན་གཞི་རྒྱ་ཆེན་པོ་རེད་ལ་དེ་བཞིན་དུ་ལས་མི་(བོད་རང་སྐྱོང་ལྗོངས་ཀྱི་མི་མ་ཡིན་པ)ཚོར་དམིགས་པའི་སྨན་ཁང་དང་། ཟ་མ་སོགས་ཆ་རྐྱེན་ཡག་ཤོས་གོ་སྒྲིག་བྱས་འདུག ས་གནས་རང་གི་བོད་མི་མང་པོ་འདུག་ལ་མདོ་སྨད་ཕྱོགས་ཀྱི་གསར་བུ་སྐོར་ཞིག་ཀྱང་འདུག སྐབས་དེ་དུས་ཀྱི་ས་ཆའི་མིང་དང་འགོ་འཛིན་སོགས་ཀྱི་མིང་དྲན་པ་མི་སོས་རུང་། རྒྱ་རིགས་མང་ཤོས་ཟི་ཁྲོན་ཕྱོགས་ཀྱི་ཡིན་པ་སྐད་གདངས་ཀྱིས་ངོས་ཟིན་གྱི་འདུག གནད་དོན་གཞན་ཞིག་ནི་ས་གནས་ཀྱི་ལས་མི་ཚོར་ཉིན་གླ་རྒྱ་སྒོར་ཉེར་ལྔ་ལས་མི་འདུག་ལ་ཟ་མ་རང་ཉིད་སྒེར་ནས་གྲ་སྒྲིག་བྱ་དགོས་ཀྱི་འདུག ང་དང་འདྲ་བར་མདོ་སྨད་ནས་ལྷ་སར་བྲོས་ཏེ་ཡོང་བའི་ན་གཞོན་མང་པོ་ཡོད་པ་དང་། རིམ་གྱིས་ལག་དངུལ་དག་རྫོགས་རྗེས་གང་འགྲོ་གང་འདུག་གཏན་ཁེལ་མི་ཐུབ་པའི་མདོ་སྨད་ཕྱོགས་ཀྱི་གསར་བུ་དག་ལ་ཉིན་གླ་མ་ཡིན་པར “མང་ལས་མང་ཐོབ་དང་། མ་ལས་ན་མི་ཐོབ” པའི་རིགས་རེད། (ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ཚེ་རྒྱ་སྒོར་བརྒྱ་ལྷག་ལོན་ཙམ་ཡིན།)

གཞན་རྒྱ་བོད་གཉིས་ཀྱི་མི་རིགས་ཀྱི་ལས་གླའང་མི་འདྲ་སྟེ་རྒྱ་རིགས་ལས་ཀ་ཆུང་ཙག་ལས་མཁན་(小工)ཡིན་རུང་ཉིན་ལྟར་རྒྱ་སྒོར་བརྒྱ་ལས་ཉུང་བ་མི་འདུག་མོད། བོད་རིགས་ཚོར་དེའི་ཕྱེད་ཀའང་མེད་ལ། ཉིན་རེའི་ཟས་དོད(生活费) ཀྱང་རང་ཉིད་ཀྱི་ལས་གླ་ནས་རྒྱ་སྒོར་བཅུ་འཐེན་གཅོག་བྱེད་པ་རེད།

ང་ཚོའི་ལས་ཀ་ནི་ཁོག་བྲུས་བཞིན་པའི་རྫ་རི་ཞིག་གི་ནང་དུ་འཛུལ་ཏེ་ལྕགས་ལམ་ཆུང་ངུ་བརྒྱུད་ནང་ལོགས་ཀྱི་བགད་ཟིན་པའི་གཏེར་རྡོ་དག་ཕྱི་ལ་བསྐྱལ་དགོས་པ་རེད། ཕྱི་ལ་བསྐྱལ་བྱེད་མེ་འཁོར་ཆུང་ངུའི་རིགས་ཀྱི་མཇུག་ལ་བཏགས་པའི་ལྕགས་ཀྱི་སྒམ་ཆུང་དེ་རིགས་ཡིན། གཏེར་རྡོ་ལྕགས་སྒམ་གཅིག་ཕྱི་རུ་དྲུད་ཚེ་རྒྱ་སྒོར་བཅུ་ཡིན་པ་དང་། ཕྱི་རོལ་དུ་སླེབས་ཏེ་གཏེར་རྡོ་དག་ཕྱི་རུ་བྱོ་དུས་ལག་ཚོད་ཀྱིས་མ་ཟིན་པར་ལྕགས་ཀྱི་འདྲུད་འཁོར་དེ་གཏེར་རྡོ་བྱོ་སར་ཟགས་ཚེ། མི་དེ་ལ་རྒྱ་སྒོར་ཉིས་བརྒྱས་ཉེས་པ་གཏང་གི་རེད། སྐབས་དེ་དུས་ཕྱི་ནང་གང་ལའང་བསམ་བློ་གཏོང་མི་ཤེས་པས་སྐབས་ཐོག་དུས་ཀྱི་རང་ཉིད་ཀྱི་ལས་གླ་ལས་གཞན་ཅིའང་བསམ་བློ་བཏང་ཐུབ་མེད། དེང་སྐབས་ཕྱིར་སྐབས་དེའི་འཛུགས་སྐྲུན་ལ་བསམ་བློ་བཏང་ཚེ་གོར་མོ་ནས་ལྷ་ས་བར་མེ་འཁོར་ལྕགས་ལམ་བཟོ་དུས་ནི་༢༠༠༡་ནས་འགོ་འཛུགས་ཀྱིས་༢༠༠༥་ལོའི་བར་དུ་ཡིན། ཉིས་སྟོང་གསུམ་ལོར་ང་ལྷ་སར་འབྱོར་རྗེས་ཁྱོན་བསྡོམས་ཟླ་བ་བཅུ་གཅིག་མ་ཟིན་ཙམ་ལ་བསྡད་ཅིང་། དེའི་རིང་ལ་གོར་མོ་ནས་ལྷ་སར་ལྕགས་ལམ་བཟོ་དུས་ལ་འཁེལ་ཡོད་པས་ནགས་ཆུའི་མངའ་ཁོངས་ཀྱི་ཞང་[ཡུལ་ཚོ་]ག་གེ་མོ(ཉི་མ་ཞང་ཡིན་པ་ཡོད། )ལ་ལྕགས་ལམ་མ་འདིང་བའི་སྔ་རོལ་ལྕགས་ལམ་འདིང་ཡུལ་བཟོ་རུ་སོང་བ་ཡིན། སྐབས་དེ་དུས་ཀྱི་ལས་གླ་འོས་ཤིང་འཚམས་ལ་ལས་ཀའི་དུས་ཚོད་དང་ལས་ཀའི་ཡང་ལྕི་སོགས་ཀྱང་ཧ་ཅང་ཚད་ལྡན་རེད། ཡིན་ནའང་གནམ་གཤིས་དང་བསྟུན་ཏེ་ལས་ཀ་བྱེད་དགོས་པས་བདུན་ཕྲག་གཅིག་གི་ནང་ལ་ཉི་མ་གསུམ་བཞི་ལས་བརྒལ་བའི་ལས་ཀ་གནམ་གཤིས་ཀྱིས་བྱེད་དུ་མི་འཇུག རྒྱུ་མཚན་རྡོ་བརྩིགས་རྒྱག་དུས་རྡོ་སྐམ་པོ་ཡིན་དགོས་པས་རེད།

མཐའ་མཇུག་ལས་མི་ཚོའི་ལས་གླ་རྩིས་རྒྱག་དུས་ཀྱང་དམག་མི་དཔུང་བསྒྲིགས་ཏེ་གཞུང་འབྲེལ་ངོས་དང་དྲང་བདེན་གྱི་ངོས་ནས་རྩིས་རྒྱག་བཞིན་པའི་ཟོལ་བསྟན་སོང་མོད། ཡིན་ནའང་དེང་སྐབས་ཕྱིར་འདང་ཞིག་བརྒྱབ་ཚེ་སྐབས་བབ་ཀྱི་བརྗོད་བྱ་གཏེར་ཁ་བསྔོག་འདོན་དང་དང་འབྲེལ་བ་དེ་ཙམ་མེད་རུང་། ནགས་ཆུ་ས་ཁུལ་གྱི་བརླན་ཞད་ཆེ་བའི་ས་ཆ་མིག་གིས་མཐོང་ཚད་བསློག་སྟེ་ལྕགས་ལམ་བཟོས་པ་རེད། གནས་ཚུལ་འདི་རིགས་ཀྱང་ཕུགས་རྒྱང་རིང་པོར་བསམ་བློ་མ་བཏང་བར་རྒྱ་དམར་གྱི་དགོས་མཁོའི་ངོས་ནས་བཤད་ཚེ། བེད་སྤྱོད་དང་དགོས་པ་ཆེན་པོ་རེད། ཕན་ཐོགས་ཀྱང་ཆེན་པོ་རེད། ཡིན་ནའང་འུ་ཅག་གི་བུ་རབས་ཚ་རྒྱུད་དང་མི་རབས་གསར་པ་ཚོར་བསམ་བློ་བཏང་ན། སྙིང་ཁོངས་ལ་ཟུག་གཟེར་རྒྱག་བྱེད་ཅིག་ལས་ཅི་ཡང་མ་རེད་དོ།

ད་སྔ་ང་ཚོས་མ་ཐོས་ཤིང་མ་རིག་པའི་གནས་ཚུལ་ཁག་ཅིག་བོད་མོ་ཞིག་གིས་ང་ཚོའི་མིག་མདུན་དུ་བླུགས་ཡོད་དེ། བུད་མེད་དེ་མདོ་སྨད་ཕྱོགས་ཀྱི་ས་གནས་ཁག་ཅིག་ཏུ་ཕྱིན་ཏེ་གཏེར་ཁ་བསྔོག་འདོན་བྱས་དང་བྱེད་བཞིན་པའི་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། མཛོད་དགེ་ཉིན་མ་འབྲོང་ཁོག་གི་གསེར་རྐོ་རུ་ཁག་དང་པོ། གསེར་རྐོ་རུ་ཁག་གཉིས་པ། རུ་ཁག་གསུམ་པས་ལོ་རེར་གསེར་རྒྱ་མ་ལྔ་བརྒྱ་རེ་ལེན་གྱི་ཡོད་པ་དང་། ཨ་སྒོར་༤༣༢༣༡་༨༢ གསེར་རྐོ་རུ་ཁག་བཞི་བ། གསེར་རྐོ་རུ་ཁག་ལྔ་བ། འབྲོང་ཁོག་ས་འོག་གཏེར་རྐོ་ཁང་། གུར་ཁོག་གི་གསེར་རྐོ་ལས་ཁུངས་གསུམ་པར་ལས་བཟོ་བ་མི་བཞི་བརྒྱ་ལྷག་དང་ལོ་རེར་གསེར་བརྒྱ་མ་སུམ་བརྒྱ་ལྷག་ལེན་གྱི་ཡོད་བཀོད་འདུག་ལ། ཀ་ཧྭེའི་གསེར་རྐོ་ས། ཀླུ་ཆུའི་གསེར་གཏེར་ཁུལ། འབོ་རའི་གསེར་གཏེར་ཁུལ། བླ་བྲང་། མཛོ་དགེ་ཉིན་མ་ས་དཀར་གསེར་དང་ཟངས་སོགས་བསྔོགས་པ་དང་བསྔོག་བཞིན་པ།6 སྔོག་རྒྱུ་ཡིན་པ་སོགས་མིག་མཐོང་ལག་པས་བྲིས་ཏེ་བཀྲམས་པ་སོགས་ནི་གཟི་བརྗིད་ཅིག་དང་དཔའ་རྟགས་ཤིག་ཅི་ལ་མིན།

ང་ཚོ་སྟེ་བོད་མི་ཚོ་རང་གི་ཡུལ་དང་། རང་གི་བུ་རབས་ཚ་རྒྱུད་ལ་གཅེས་ཤེས་མཁན་ཞིག་ཡིན་ཚེ། ས་གནས་ས་ཐོག་ཏུ་བསྡད་དེ་གཏུགས་བཤེར་བྱེད་པ་དེས་ཕན་དང་ནུས་པ་མི་ཐོན་ཚེ་རིམ་བཞིན་གོང་རིམ་ལ་གཏུགས་བཤེར་བྱེད་པ། དེས་ཀྱང་ཕན་ནུས་མེད་ཚེ། དྲ་ཚིགས་ཁག་དང་གསར་ལམ་ཁག་ལ་ངོ་སྤྲོད་བྱེད་པ་སོགས་ལས་འགུལ་སྤེལ་གྲངས་དང་སྤེལ་སྟངས་མང་པོ་ཡོད་པ་རེད། ཡིན་ནའང་བོད་མི་ཁག་ཅིག་གིས “གཞུང་གི་དོ་ཟླར་ཡོང་གི་མ་རེད། དེ་ལས་བཞག་ན་ཡག་གུ་རེད”ཅེས་སྡུག་སྐད་འདྲ་ཞིག་རྒྱག་གི་རེད། དེ་ནི་ནོར་བ་རེད། རང་གི་བུ་ཕྲུག་གཙོས་སྤུན་དང་ཤ་ཉེ་སོགས་ཀྱི་ཆེད་དུ་རང་སྲོག་ཀྱང་འདོར་ཐུབ་མདོག་སྟོན་གྱི་རེད། དེས་ན་མ་འོངས་པའི་རང་གི་ནང་མི་གཉེན་འབྲེལ་ཚོའི་ཆེད་དུ་ཅིའི་ཕྱིར་ཁོར་ཡུག་ལ་སྲུང་སྐྱོབ་བྱ་མ་ཐུབ་པ་རེད། ཅིའི་ཕྱིར་ཁོར་ཡུག་གི་བདག་དབང་རྩོད་ལེན་མ་ནུས་པ་རེད། མི་རིགས་གཞན་པས་རང་ཁོར་ཡུག་དང་རང་གི་བུ་རབས་ཚ་རྒྱུད་དག་གི་ཆེད་དུ་ཚོགས་པ་དང་ཚོགས་པ་བྱས་ཏེ་སྐད་འབོད་དང་ངོ་རྒོལ་གྱི་ལས་འགུལ་རབ་དང་རིམ་པ་མང་པོ་སྤེལ་བ་འདིས་ང་ཚོ་མི་རིགས་འདི་ལ་ཤན་ཤུགས་ཅི་ཡང་མ་ཐེབས་པར་ལུས་འདུག་པ་འདི་ནི་སྐྱོ་ཞིང་སྐྱོ་ཨང་།

བཞི་བ། ཤིང་ནགས་གཅོད་འབྲེག་དང་ས་བཅུད་ཉམས་རྒུད།

མདོ་དབུས་མཐོ་སྒང་ནི་གངས་ཀྱི་ཕ་ཡུལ་གཅིག་པུ་ཡིན་པས་ག་ནས་ཚད་དེ་སྤང་ལྗོངས་དང་ནགས་ཚལ་ཆུ་བོ་སོགས་ཀྱི་འབྱུང་ཁུངས་ཀྱང་ཡིན་ཏེ།ལོ་རབས་ལྔ་བཅུ་བའི་འགོ་ཙམ་ལ་བོད་ཡོངས་སུ་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཉིས་འབུམ་ལྔ་ཁྲི་ཙམ་ཡོད་ལ། གཞན་རྒྱ་ནག་བོད་ལ་མ་ཡོང་བའི་སྔོན་བོད་ཀྱི་གདོད་མའི་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཉིས་འབུམ་ཉིས་ཁྲི་གཅིག་སྟོང་བརྒྱད་བརྒྱ་ཡོད་མོད།1 ཡིན་ནའང་ལོ་རབས་ལྔ་བཅུ་ནས་བརྒྱད་ཅུའི་བར་བོད་ཀྱི་ས་ཁུལ་ཁྱོན་ཡོངས་ལ་ཁྱོན་བསྡོམས་ནགས་ལས་ཁང་བདུན་བརྒྱ་ལྷག་བཙུགས་ཏེ་བོད་ཀྱི་ནགས་ཚལ་ལ་གཏོར་སྐྱོན་ཚབས་ཆེན་བཏང་ཡོད།2

དེ་བཞིན་དུ་གོང་གི་ལོ་རབས་ལྔ་བཅུ་བའི་འགོ་ཙམ་ལ་བོད་ཡོངས་སུ་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཉིས་འབུམ་ལྔ་ཁྲི་ཙམ་ཡོད་པ་དེ་ལོ་ངོ་སུམ་ཅུའི་རྗེས་སུ་བོད་ཡོངས་ཀྱི་ནགས་ཚལ་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་གཅིག་འབུམ་བཞི་ཁྲི་ལྔ་སྟོང་བདུན་བརྒྱ་དགུ་བཅུ་གོ་དྲུག་ཙམ་ལས་མེད་པ་དང་། དེ་བཞིན་དུ་ ༡༩༤༩་ལོའི་སྔོན་ལ་བོད་ཀྱི་ཤིང་ཆ་གསོག་ཚད་ནི་སྨི་ཌར་རྒྱ་དཔངས་གྲུ་བཞི་མ་ཐེར་འབུམ་གསུམ་དང་དུང་ཕྱུར་ལྷག་ཡིན་པ་དེའང་ལོ་རབས་བདུན་ཅུ་བའི་དཀྱིལ་ཙམ་ལ་ཤིང་ཆ་རྒྱ་དཔངས་གྲུ་བཞི་མ་ཐེར་འབུམ་གཉིས་དང་དུང་ཕྱུར་ལྔ་ཙམ་ལས་མེད་པར་གྱུར་འདུག 3

བོད་དུ་ལས་ནགས་ལས་ཁང་འཛུགས་སྟངས་ཀྱི་རིམ་པ་དེའང་ཐོག་མར་རོགས་རམ་ལ་ཁ་གཡར་ཏེ་མཐའ་མར་ནགས་རྫོང་མཐུག་པོ་ཡོད་པའི་ནགས་ཚལ་གྱི་རི་བོ་དག་རྗེན་པར་བཏང་རྗེས་བུད་འགྲོ། དཔེར་ན། རང་སྐྱོང་ལྗོངས་ཞིང་འབྲོག་ལས་ཁུངས་སུ་ནགས་ལས་དོ་དམ་ལས་ཁུངས་བཙུགས་པ་མ་ཟད། དགུན་ཚང་དང་། ཀླུ་ནང་། གྲོ་མོ། ཆབ་མདོ། ཞོ་ཁ་སོགས་ཀྱི་ནགས་ར་ཆེན་པོ་མང་པོ་བཙུགས་པ་དང་ཆབས་ཅིག་རྫོང་ཁག་མང་ཆེ་བ་ལའང་ནགས་ལས་སྡེ་ཁག་གསར་འཛུགས་4 བྱས་ཤིང་། ༡༩༧༢་ལོར་སྡོམ་རྩིས་བྱས་པ་ལྟར་ན། བོད་ལྗོངས་ཡོངས་སུ་ཆེ་ཆུང་མི་འདྲ་བའི་ཤིང་ནགས་གཅོད་འབྲེག་སྡེ་ཚན་སུམ་བརྒྱ་དགུ་བཅུ་ལྷག་ཡོད།5

ཡིན་ནའང་གཞུང་ངོས་ནས་ད་དུང་མི་དམངས་ཚོའི་རྣ་རྩར་ནགས་ཚལ་སྲུང་སྐྱོབ་ཅེས་ཁོར་ཡུག་དང་ནགས་ཚལ་སྲུང་སྐྱོབ་བྱེད་མདོག་སྟོན་པ་ངོ་ཚ་ཨང་། ནགས་ཚལ་ཧ་ཅང་གལ་ཆེན་ཡིན་ཏེ་ནགས་ཚལ་ཇེ་ཉུང་ལ་སོང་ཚེ་ཆར་ཆུ་དེ་ལྟར་ཇེ་ཉུང་ལ་འགྲོ་བ་དང་ཆར་ཆུ་ཇེ་ཉུང་ལ་སོང་དུས་རླུང་གཡུག་པ་དེ་ལྟར་ཇེ་མང་ལ་སོང་ནས་བྱེ་མ་དང་ས་རྡུལ་དེ་ལྟར་ཇེ་མང་ལ་འགྲོ་སྲིད།6 བྱེ་མ་དང་ས་རྡུལ་ཇེ་མང་ལ་སོང་ན་མཐར་རང་བྱུང་སྐྱེ་ཁམས་ཁོར་ཡུག་བྱེ་ཐང་དུ་གྱུར་པ་རེད། འོན་ཀྱང་ང་ཚོས་(མི་སེར)ཁེ་ཕན་ཆུང་ངུ་ཞིག་གི་ཆེད་དུ་ནགས་ཚལ་གཅོག་འབྲེག་བྱེད་པ་དང་སྡོང་བོ་བརྐུས་ཏེ་བཙོང་བ་སོགས་ནི་གནས་སྐབས་ཀྱི་སྒོར་རྡོག་འགའི་ཡོང་འབབ་ལས་ཅི་ཡང་མེད་མོད། ཡིན་ནའང་རང་གི་བུ་རབས་ཚ་རྒྱུད་ལ་འཚོ་གནས་སྟོང་དུ་འཇུག་པ་ནི་བསམ་བློ་ཞིག་གཏང་ནུས་ཚེ་ཡིད་ལ་མི་ཤོང་བའི་གལ་ཆེན་གྱི་བྱ་གཞག་ཅིག་ཡིན།

 

ང་ཚོས་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་ས་ཆ་ཁག་བགོས་ཀྱིས་དཔྱད་གཞིའི་ཡིག་ཆར་རྒྱུས་ལོན་བྱ་དང་བློ་ཡིད་ལ་མི་ཤོང་བའི་གྱོང་གུད་དང་གཏོར་སྐྱོན་བཏང་ཡོད། བོད་རང་སྐྱོང་ལྗོངས་ཀྱི་ནང་ཁུལ་ཡིག་ཆ་འགྲེམས་སྤེལ<<བོད་ལྗོངས་མངའ་ཁུལ་གྱི་ཐོན་ཁུངས>>ཞེས་པའི་ནང་དུ་དབུས་ནགས་ལས་པུའུ་ཡིས་ཚོད་དཔག་བྱས་ན། ལྗོངས་ཡོངས་ཀྱི་ནགས་ཚལ་ཐོན་ཁུངས་ཀྱི་ལོ་རེའི་ཟད་གྲོན་གྱི་ཚད་སྨི་ཌར་རྒྱ་དཔངས་གྲུ་བཞི་མ་ཁྲི་བརྒྱ་དང་ང་བཅུ་ང་གཉིས་ཡས་མས་ཡིན་པ་དང་། ཉིང་ཁྲི་རྫོང་ལ་༡༩༨༡ལོའི་སྔོན་གཏན་འཇགས་ཤིང་ནགས་གཅོད་འབྲེག་སྡེ་ཚན་སོ་གཅིག་ཡོད་པ་དང་། གནས་སྐབས་གཅོད་འབྲེག་སྡེ་ཁག་བརྒྱ་ལ་ཉེ་བ་ཡོད། ལོ་རེར་ཤིང་ཆ་རྒྱ་དཔངས་གྲུ་བཞི་མ་ཁྲི་ཉི་ཤུ་ཙམ་གཅོད་འབྲེག་གིས། ཤིང་ནགས་ཡོད་པའི་ལུང་པ་དགུའི་ཤིང་ནགས་ཤུལ་མེད་དུ་ཡོད།7

དེ་བཞིན་དུ་མཚོ་སྔོན་ཞིང་ཆེན་ཡིན་རུང་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་ཞིང་ཆེན་ཧྲིལ་བོའི་རི་ཁུལ་གྱི་ཤིང་ནགས་གཏོར་བརླགས་བཏང་ཚད་(ཐང་རྒོད་སྡོང་ཕྲན་ནགས་རྫོབ་འདུས་མེད་)མུའུ་༡༣༨༠༠༠༠ཟིན་པ་དང་། དེའི་ནང་ནགས་ཞིང་སྦོལ་མུའུ་༢༢༠༠༠༠དང་། ཤིང་ནགས་མེད་སྐྱོན་ཤོར་ཚད་མུའུ༢༦༠༠༠༠ ། གང་བྱུང་གཅོད་འབྲེག་བྱས་པ་མུའུ་༩༠༠༠༠༠ཟིན། དུས་མཚུངས་སུ་ཐང་རྒོད་སྡོང་ཕྲན་ནགས་རྫོབ་གཏོར་བརླགས་བྱས་ཚད་མུའུ་༢༠༠༠༠༠༠༠ཟིན་འདུག ཟི་ཁྲོན་དཀར་མཛེས་ལ་ཆ་མཚོན་ན་ཟི་ཁྲོན་ཞིང་ཆེན་གྱི་ཤིང་ནགས་གསོག་ཚད་ཀྱི་བརྒྱ་ཆ་སུམ་ཅུ་ལྷག་ཟིན་ཡོད།8 ཡིན་ནའང་སྤྱི་ལོ་༡༩༥༨ཙམ་ནས་ཟི་ཁྲོན་ཞིང་ཆེན་ནགས་ལས་ཁང་གིས་རྟའུ་དང་བྲག་འགོ། ཉག་རོང་བཅས་ལ་ཆུ་ཐོག་ཤིང་འདྲེན་ལས་ཁུངས་བཞི་དང་། ལམ་ཐོག་སྐྱེལ་འདྲེན་གཅིག་བཅས་བཙུགས་ཡོད། སྔ་རྗེས་བྱས་ཏེ་ཁྱོན་བསྡོམས་ནགས་ལས་ཁང་བཅུ་དགུ་བཙུགས་9 ཡོད་ལ། ༡༩༧༠ལོ་ཧྲིལ་པོ་གཅིག་གི་རིང་ལ་ཤིང་ཆ་སྨི་ཌར་རྒྱ་དཔངས་གྲི་བཞི་མ་[m3]ཉིས་འབུམ་སུམ་ཁྲི་ལྷག་དབོར་འདྲེན་བྱས་ཡོད།10

རྔ་བ་རང་སྐྱོང་ལྗོངས་ནས་ཀྱང་༡༩༥༨ལོ་ནས་༡༩༦༠་བར་དུ་ཤིང་ཆ་སྨི་ཌར་རྒྱ་དཔངས་གྲུ་བཞི་མ་[m3]ས་ཡ་གཉིས་དང་འབུམ་དགུ་གཅོད་འབྲེག་བྱས་པས་ཁུལ་ཡོངས་ཀྱི་ནགས་ཚལ་ཐོན་ཁུངས་རིམ་བཞིན་ཇེ་ཉུང་དུ་གྱུར། སྨིན་ཅང་གཙང་པོའི་སྟོད་ཕྱོགས་ཀྱི་ནགས་ཚལ་ཁེབས་ཚད་བཅིངས་འགྲོལ་སྔོན་གྱི་བརྒྱ་ཆ་སུམ་ཅུ་ཡོད་པ་དེ་ལོ་རབས་བརྒྱད་ཅུའི་ནང་བརྒྱ་ཆ་བཅོ་བརྒྱད་དང་ཚེག་བརྒྱད་ལ་མར་ལྷུང་། ཀན་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་དང་།བདེ་ཆེན་བོད་རིགས་རང་སྐྱོང་ས་ཁུལ། རྨི་ལི་བོད་རིགས་རང་སྐྱོང་རྫོང་བཅས་ལའང་དེ་མཚུངས་ནགས་ལས་ཀྱི་གཞི་རྒྱ་ཆེན་པོ་སྤེལ་ཡོད་དེ།11 ལོ་ངོ་སུམ་ཅུའི་རིང་ཀན་ལྷོ་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་སྤྱི་ཚོགས་རིང་ལུགས་དང་དཔལ་འབྱོར་འཛུགས་སྐྲུན་ལ་ཤིང་ཆ་སྤུས་ལེགས་སྨི་ཌར་རྒྱ་དཔངས་གྲུ་བཞི་མ་[m3]ས་ཡ་དྲུག་དང་ལྔ་འབུམ་ལྔ་ཁྲི་མཁོ་འདོན་བྱས་པ་དང་། ཡོང་འབབ་རྒྱ་སྒོར་དུང་ཕྱུར་བཅུ་དང་བྱེ་བ་དགུ་ས་ཡ་བདུན་ལྷག་ཟིན། ཡོང་འབབ་དེ་རང་སྐྱོང་ཁུལ་གྱི་ལོ་ངོ་ཉི་ཤུའི་ནོར་སྲིད་འགྲོ་གྲོན་དང་མཚུངས་རབས་འདུག12

གཞན་བདེ་ཆེན་རང་སྐྱོང་ལྗོངས་ལ་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་ང་དགུ་ལོར་ཤིང་ནགས་གཅོད་འབྲེག་གི་ལས་སྒོ་འགོ་བཙུགས་པ་ནས་༡༩༨༤ལོའི་བར་དུ་ནགས་ལས་ཅུས་[ལས་ཁུངས]༤་དང་། ཡན་ལག་ཁང་༢༩། ཤིང་ཆ་ཀུང་ཟི་[company]༤། ཤིང་ཆ་ལས་སྣོན་བཟོ་གྲྭ་༢་བཙུགས་པ་དང་། རྒྱ་ནག་ཏུ་དབོར་འདྲེན་བྱས་པའི་ཤིང་ཆ་སྨི་ཌར་རྒྱ་དཔངས་གྲུ་བཞི་མ་[m3]༡༣༠༠༠༠༠ ལྷག་བརྒལ་ཡོད།13 (རྒྱལ་ཐང་ལས་ནགས་ལས་ཁང་འདུས་མེད།) མཐའ་མ་སྟེ་རྨི་ལི་བོད་རིགས་རང་སྐྱོང་རྫོང་ལ་རྨི་ལི་རྫོང་ནགས་ལས་ལས་ཁུངས་ཀྱིས་གཅིག་སྟོང་དགུ་བརྒྱ་བརྒྱད་ཅུ་ལོའི་བར། ཤིང་སྡོང་སྨི་ཌར་རྒྱ་དཔངས་གྲུ་བཞི་མ་ཉིས་འབུམ་སུམ་ཁྲི་ལྷག་ཐོན་སྐྱེད་བྱས་པ་དང་། ཞིང་ཆེན་ཁོངས་གཏོགས་ཀྱི་ནགས་ལས་བཟོ་གྲྭས་ལོ་བཅུ་གསུམ་རིང་ཤིང་ཆ་སྨི་ཌར་རྒྱ་དཔངས་གྲུ་བཞི་མ་དྲུག་འབུམ་དྲུག་ཁྲི་ཕུལ་ཡོད།་སྤྱིའི་ཐོན་སྐྱེད་ཡོང་འབབ་རྒྱ་སྒོར་ཁྲི་གཅིག་སྟོང་བརྒྱད་བརྒྱ་ལྷག་ཟིན་ཡོད་བཅས་རྒྱ་གཞུང་གིས་གཏོར་བརླགས་བྱས་པ་རེད་མོད།14 ཡིན་ནའང་ང་ཚོ་སྟེ་མི་མང་དམངས་ཚོགས་ཀྱིས་ཀྱང་ཆུང་ས་འབུད་ཤིང་ནས་བཟུང་ཆེ་ས་ཁང་བའི་ཀ་བ་དང་གདུང་མ་སོགས་ལའང་འཛེམ་དགོས་ཏེ་དེང་རབས་དང་འགྲོགས་ཏེ་ཁང་བའི་ནང་ཆས་སོགས་ཤིང་ཆས་རིགས་ཉུང་རུ་གཏོང་བ་དང་། འབུད་ཤིང་ལ་ཤིང་རིགས་མི་སྤྱོད་པར་རྡོ་སོལ་དང་། རབ་ཏུ་བྱུང་ན་གློག་ཐབ་དང་དབུགས་ཐབ་སོགས་སྤྱད་དེ་རང་ཉིད་དང་རང་ཁྱིམ་ནས་འགོ་བརྩམས་ཏེ་ནགས་ཚལ་ལ་སྲུང་སྐྱོབ་བྱ་དགོས།

ནགས་ཚལ་གྱི་རིན་ཐང་ནི་བློ་ངོར་ཤོང་མི་ཐུབ་ལ་ལོ་ངོ་ལྔ་བཅུ་ཅན་གྱི་ཤིང་སྡོང་གཅིག་གི་རིན་ཐང་ཡང་བློ་ངོར་ཤོང་དཀའ་བ་ཞིག་ཡིན་ཏེ། ཧིན་རྡིའི་སློབ་དཔོན་ཆེན་མོ་ཞིག་གི་ཞིབ་འཇུག་གི་གནང་བ་བཀོད་དོན“སྐྱེས་ནས་ལོ་ལྔ་བཅུ་འགོར་བའི་སྡོང་བོ་ཞིག་ལ་མཚོན་ན་དེ་བཅད་ནས་སྡོང་ཚོང་བརྒྱབ་ན་རིན་གོང་ཆེས་མང་ན་ཨ་སྒོར་༣༠༠མིན་མི་ཁུག འོན་ཀྱང་ལོ་ལྔ་བཅུའི་རིང་སྐྱེས་པའི་སྡོང་བོ་དེས་མིའི་རིགས་དང་སྐྱེ་དངོས་མཐའ་དག་ལ་མཁོ་བའི་དབྱང་དབུགས་མཁོ་སྤྲོད་བྱས་པའི་རིན་གོང་ཨ་སྒོར ༣༡༢༥༠ཡིན་པ་དང། སྒོང་སྤྲིས་དཀར་པོར་མཁོ་སྤྲོད་བྱས་པའི་རིན་གོང་ཨ་སྒོར་ཨ་སྒོར༢༥༠༠ཡིན་པ་དང། མཁའ་དབུགས་དྭངས་ཤིང་གཙང་མ་བྱས་པའི་རིན་གོང་ཨ་སྒོར ༦༢༥༠༠དང་། ཆུ་བསགས་པའི་རིན་གོང་ཨ་སྒོར༣༡༢༥༠སྲོག་ཆགས་རིགས་དང་ནང་སྒོས་སུ་འདབ་ཆགས་རིགས་ལ་གནས་ཚང་བཅོས་པའི་རིན་གོང་ཨ་སྒོར ༣༡༢༥༠ཡིན། རིན་གོང་དེ་དག་གི་ཁ་གྲངས་སྤྱི་སྡོམ་བྱས་ནས་རྩིས་ན་སྡོང་བོ་དེའི་རིན་ཐང་ནི་ཨ་སྒོར ༣༠༠མིན་ལ་ཨ་སྒོར་ཁྲི༢༠ཡིན་15 པས་ང་ཚོས་ཅི་ནས་ཀྱང་ནགས་ཚལ་ལ་བྱིལ་བྱིལ་གཏོང་བ་ལས་གཏོར་བརླག་གཏང་མི་བྲའོ།།

ལྔ་བ། འཁྱག་རོམ་ཉམས་རྒུད་དང་ཆུ་ཡི་དཀའ་ངལ།

ཆུ་ནི་མི་དང་སྐྱེ་དངོས་གང་གི་ངོས་ནས་བཤད་ཀྱང་མེད་ཐབས་མེད་པའི་འཚོ་རྟེན་ཞིག་ཡིན་ལ། དེ་བཞིན་དུ་ཆུའི་འབྱུང་ཁུངས་ཏེ་འཁྱག་རོམ་དེ་བས་ཀྱང་མེད་ཐབས་མེད་པ་ཞིག་ཡིན། འཁྱག་རོམ་གྱི་སྐུ་དྲིན་ལས་འཛམ་གླིང་གི་ཆུའི་ཐོན་ཁུངས་གཙོ་བོ་བོད་གྱུར་ཡོད་ཟེར་ནའང་མི་ཆོག་པ་མེད་དེ། དེའི་རྒྱུ་མཚན་དགུན་དུས་མདོ་དབུས་མཐོ་སྒང་ལ་ཁ་བ་བུ་ཡུག་ཆེ་ཞིང་ཁ་བའི་འབབ་ཚད་ཀྱང་མཐོ་བས་ཡིན་པ་དང་། དབྱར་དུས་སྲིད་པའི་གངས་རྒན་དག་དང་།གཏན་ཆགས་འཁྱག་རོམ་དེ་མ་ཡིན་པའི་གངས་རྒྱུད་དག་ཞུ་སྟེ་བཞུར་རྒྱུན་གྱིས་བོད་མ་ཡིན་པའི་རྒྱལ་ཁབ་མང་པོ་ཞིག་ལའང་རོགས་རམ་ཆེན་པོ་བྱས་དང་བྱེད་བཞིན་པ་རེད། གཞན་བོད་ཀྱི་ས་ཁྲར་བམ་བལྟ་བྱས་མྱོང་མཁན་ཞིག་ཡིན་ཚེ། བོད་ཀྱི་ཁ་འབབ་བཞི་གཙོས་རྨ་འབྲི་རྫ་གསུམ་གྱི་བཞུར་རྒྱུན་དང་། གཞན་ཚྭ་མེད་མཚོ་སྐྱ་རེངས་དང་མཚོ་སྔོ་རེངས། མཚོ་སྔོན་པོ་དང་གནམ་མཚོ་ཕྱུག་མོ་སོགས་མཚོ་དང་མཚེའུ་གཙང་བོ་སོགས་མཐོང་ཚེ་ཆུའི་ཐོན་ཁུངས་ཀྱི་ལྟེ་གནས་ཤིག་ཡིན་པ་ངེས་ཤེས་ཐུབ་པ་དང་། དེ་དག་གི་བཞུར་རྒྱུན་དང་འབྲེལ་བའི་བོད་མ་ཡིན་པའི་མི་རིགས་ཁག་ཅིག་ཀྱང་བོད་ནས་བཞུར་བའི་ཆུས་གསོས་བསྡད་ཡོད་པའང་ཤེས་ངེས།

བོད་ཀྱི་ཆུ་དང་གཙང་པོ་དག་ཁྱིམ་མཚེས་རྒྱལ་ཁབ་སྟེ་པ་ཀི་སི་ཏཱན(Pakistan)གྱི་བྱེ་ཐང་དང་། རྒྱ་གར།(India)ཝེ་ཐི་ནེམ(Vietnam)གྱི་ལྷོ་ཕྱོགས་ཀྱི་འབྲས་ཞིང་བར་གྱི་ས་ཁུལ་ཁག་དང་།ཁམ་བྷོ་ཌ་ཡ(Cambodia)འི་ནང་ཏོན་ལེ་སེབ་ལེ་ཁེ(tonlesaplak)མཚོ་ཆེན་ནས་རྒྱ་ནག་བྱང་ཕྱོགས་ཀྱི་རྒྱ་ཐང་བར་གྱི་ཨེ་ཤེ་ཡའི་ས་ཁུལ་ཁག་ལ་ཆུའི་དགོས་མཁོ་བསྐྲུན་གྱི་ཡོད།1 རྒྱ་ནག་གཅིག་པོའི་ངོས་ནས་བཤད་ཀྱང་། འབྲི་ཆུས་རྒྱ་ནག་གི་འཐུང་ཆུའི་ཐོན་ཁུངས་བརྒྱ་ཆ་བཞི་བཅུ་དང་། འབྲས་ཀྱི་ཐོན་ཁུངས་བརྒྱ་ཆ་བདུན་ཅུ་ལྷག འབྲུ་རིགས་སྤྱི་ཡོངས་ཀྱི་ཐོན་ཁུངས་བརྒྱ་ཆ་ལྔ་བཅུ། དེ་བཞིན་ཉ་ཚོང་ཐོན་ཁུངས་ཀྱི་བརྒྱ་ཆ་བདུན་ཅུ་ལྷག་2 ཟིན་ཡོད་པ་བཅས་མདོར་ཙམ་ཡིན། བློ་བཟང་ལྷུན་འགྲུབ་ཟེར་བ་ཞིག་གིས“མདོ་དབུས་མཐོ་གཞོངས་ཀྱི་སྐྱེ་ཁམས་དང་ཁོར་ཡག་འཕེལ་རྒྱས”ཞེས་པའི་རྩོམ་ཡིག་ནང་དུའང་འདི་ལྟར་བཀོད་འདུག་སྟེ“མདོ་དབུས་མཐོ་གཞོངས་ཀྱི་ཆུའི་ཐོན་ཁུངས་ཀྱི་བསྡོམས་གྲངས་ལ་རྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་༥༤༦༣.༤ ཡོད་ལ། དེ་ལས་ཞི་བདེ་རྒྱ་མཚོ་ཆེན་མོའི་ཆུ་རྒྱུད་དུ་གྱུར་པའི་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར༢༥༤༨དང་། ཧིན་རྡུ་རྒྱ་མཚོ་ཆེན་མོའི་ཆུ་རྒྱུད་དུ་གྱུར་པའི་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར༢༤༠༠.༤ཡོད། སྐམ་སའི་ནང་ཁུལ་གྱི་ཆུ་རྒྱུད་དུ་གྱུར་པའི་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར ༥༡༥ འདུག། ལོ་རེེར་མདོ་དབུས་མཐོ་གཞོངས་ནས་རྒྱལ་ཁབ་ཕྱི་ལ་བཞུར་བའི་ཆུའི་ཚད་ནི་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་༤༠༠༠ལྷག་ཡིན་ཏེ། རྒྱལ་ཁབ་ཕྱི་ལ་བཞུར་བའི་ཆུའི་ཚད་ཀྱི་སུམ་ཆའི་གཉིས་ཟིན་ཡོད་པ་བཀོད་འདུག

ལྡོག་ཕྱོགས་ཀྱི་ཆུའི་དཀའ་ངལ་རིགས་ཀྱང་མི་གླེང་ཐབས་མེད་ཡིན་ཏེ། རྨ་ཆུའི་རྫོང་ཁོངས་ཀྱི་ཆུ་མིག་སྟོང་ལྷག་སྐམ་པར་གྱུར་ལ། རྨ་ཆུར་འབབ་པའི་ཆུ་ལག་གལ་ཆེན་༢༨ ཡོད་པ་ལས ༡༡ བསྐམས་ཟིན། དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་པ་ནས་བཟུང་། རྨ་ཆུ་རྫོང་ཁོངས་སུ་རྨ་ཆུའི་ཆུ་ལག་གི་ཁ་སྣོན་གྱི་ཆུ ༢༥.༣%ཇེ་ཉུང་དུ་ཕྱིན་ཅིང་། སྤྱི་ལོ ༡༩༧༧ལོར་རྨ་ཆུའི་འབབ་རྒྱུན་ཆད་ཐེངས ༣༡ ལ་བྱུང་ཞིང་། དེའི་དུས་ཡུན་རིང་ཉིན་གྲངས ༢༢༦སོང་བས། རྨ་ཆུའི་བར་སྨད་རྒྱུད་ཀྱི་འབྲུ་རིགས་ཐོན་འབབ་ཏུན་ཁྲི༣༠༠ཆག་པར་གྱུར། ཏག་ཏག་ལ་འབྲུ་རིགས་དེ་ཙམ་གྱིས་མདོ་དབུས་མཐོ་གཞོངས་ཀྱི་མི་རྣམས་ཀྱི་འཚོ་བའི་དགོས་མཁོ་ཡོངས་སུ་སྐོང་ཐུབ་སྟེ། རྒྱུ་མཚན་ནི་ལོ་དེར་བོད་ལྗོངས་དང་མཚོ་སྔོན་གཉིས་ཀྱི་འབྲུ་རིགས་ཐོན་འབབ་ཡོངས་རྫོགས་བསྡོམས་ན་ཏུན་ཁྲི༢༧༠ལས་མི་འདུག་3 པས་ཀྱང་ང་
ཚོ་བླུན་དྲགས་རེད་མ་གཏོགས་ཞེད་སྣང་བསླངས་ཡོད་པ་རེད།

གོང་གི་རིམ་པ་ལས་ཀྱང་ཉེན་ཁ་ཅན་གཞན་ཞིག་ནི་རྒྱ་ནག་གིས་མི་འབོར་ས་ཡ་སུམ་བརྒྱ་ཙམ་གྱི་འཚོ་གནས་རྟེན་གཞིར་གྱུར་བའི་རྨ་ཆུ་དེ་ད་ལྟར་ཆེས་མྱུར་མགྱོགས་ངང་སྐམ་ཟད་དུ་འགྲོ་བཞིན་ཡོད་ཅིང་། རྒྱུག་ཆུ་འདི་ཉིད་ཀྱི་རང་བཞིན་གྱི་འབབ་ས་མཐར་ཐུག་ཡིན་པའི་རྒྱ་མཚོ་སེར་པོར་བཞུར་རྒྱུན་གྱི་སྣེ་མོར་མ་འབྱོར་བའི་སྐབས་ཡང་ཡང་ཡོང་གི་ཡོད། དེ་དང་མཚུངས་པར་རང་ཉིད་རྒྱ་མཚོར་རྒྱུགས་པའི་འགྲུལ་བཞུད་ཀྱི་གནས་སྐབས་སུ། ཕལ་ཆེར་མི་འབོར་ས་ཡ་ལྔ་བརྒྱ་ཙམ་ཆུའི་དགོས་མཁོ་བསྐྲུན་ཡོད།4 གཞན་རྒྱ་ནག་གིས་འབྲི་ཆུ་དང་ཡར་ཀླུང་གཙང་པོའི་བཞུར་རྒྱུན་སྒྱུར་ཏེ་རྨ་ཆུའི་ནང་འདྲེན་རྒྱུའི་འཆར་གཞིས། རྒྱའི་མི་འབོར་ཆེས་མང་པོ་འཚོ་སྡོད་བྱེད་ཡུལ་དུ་བཞུར་བཞིན་པའི་རྨ་ཆུའི་བཞུར་རྒྱུན་རྒྱས་པར་ཕན་ཐོགས་ཡོད་ངེས་ཀྱང་། འབྲི་ཆུ་དང་ཡར་ལུང་གཙང་པོའི་ཆུར་བརྟེན་ཏེ་འཚོ་སྡོད་བྱེད་པའི་མི་འབོར་ས་ཡ་མང་པོའི་ཆུའི་ཐོབ་སྐལ་འཕྲོག་5 ངེས་པས་རྒྱལ་སྤྱིའི་རྒྱུག་ཆུའི་འབྲེལ་མཐུད་ཚོགས་པ་སོགས་ཀྱིས་ཀྱང་སྐད་ཆ་བཤད་རན་པར་དོགས་པ་ཐེ་ཚོམ་གང་ཡང་མེད།

ཆུའི་འབྱུང་ཁུངས་ཀྱང་འཛད་མེད་རྫོགས་མེད་ཅིག་མིན་ཏེ། རྒྱུ་མཚན་བོད་ཡུལ་གྱི་གཏན་ཆགས་འཁྱག་རོམ(PERMAFROST)ལ་དྲོད་རྒྱས་ཏེ་སོབ་ཞུགས་པའི་ཉེན་ཚབས་རང་བཞིན་ཅན་གྱི་དུས་ལ་སླེབས་ཡོད་པ་རེད། ཉེ་བའི་ལོ་ངོ་འདི་དག་གི་རིང་ལ་བོད་མཐོ་སྒང་གི་གནམ་གཤིས་དྲོད་གྲང་རྒྱུན་མིན་པའི་ཉེར་ལེན་ལས་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་གོ་གཅིག་ལོ་ནས་སྤྱི་ལོ་ཉིས་སྟོང་བཞིའི་བར་ལོ་བཅུ་གསུམ་གྱི་རིང་ལ་འབྲི་ཆུའི་འགོ་ཁུངས་ཏེ་རྒུ་ར་མདའ་མདུང་གི་འཁྱག་ཀླུང་སྨི༧༥༠ཞུ་བས་ཆ་སྙོམས་ཀྱིས་ལོ་རེར་སྨི༥༧ཞུ་བ་རེད། ཨ་མྱེས་རྨ་ཆེན་གངས་རིའི་འཁྱགས་ཀླུང་གི་གཞི་ཁྱོན་སྤྱི་ལོ་༡༩༩༠ལོའི་སྤྱི་ལེ་གྲུ་བཞི་མ་༡༦༦ཡོད་པ་དེ་འཁུམས་ནས་སྤྱི་ལོ ༢༠༠༠ ལོར་སྤྱི་ལེ་གྲུ་བཞི་མ ༡༣༤ མ་གཏོགས་མེད། དོན་ལ་ལོ་བཅུའི་ནང་འཁྱགས་ཀླུང་དེ་ཞུ་ནས་སྤྱི་ལེ་གྲུ་བཞི་མ ༣༢ ཇེ་ཆུང་ལ་སོང་ཟེར་བ་དང་། དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུའི་ནང་མདོ་དབུས་མཐོ་སྒང་གི་འཁྱགས་ཀླུང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ ༤༨༨༥༩.༡༨ ཡོད་མོད། འོན་ཀྱང་རྒྱུ་རྐྱེན་ཅི་རིགས་ཀྱི་དབང་གིས་ད་ལྟ་འཁྱགས་ཀླུང་གི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ ༤༤༤༣༨.༤༠ མ་གཏོགས་མེད་པ་སུམ་ཅུའི་རིང་ལ་མདོ་དབུས་མཐོ་སྒང་གི་འཁྱགས་ཀླུང་གི་ཁྱོན་སྤྱི་ལེ་གྲུ་བཞི་མ ༤༤༢༠.༧༨ ཇེ་ཉུང་ལ་སོང་བ་སོགས་ཆ་སྙོམས་ལོ་རེར་སྤྱི་ལེ་གྲུ་བཞི་མ ༡༤༧.༣༦ ཇེ་ཉུང་དུ་འགྲོ་བཞིན་ཡོད་ཅེས་བཀོད་པ་དག་ལས་ཀྱང་མདོར་དེད་དེ་ཁ་གསལ་གྱིས་བཤད་ན་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོས་པས་བྱུང་བ་ཡིན་མོད།6 ཡིན་ནའང་བོད་ནང་གི་ཉམས་ཞིབ་པ་སྐོར་ཞིག་གིས་རྒྱུ་རྐྱེན་ཅི་རིགས་ཞེས་ཁག་འགེལ་ས་མང་པོ་ཞིག་འཚོལ་གྱིན་འདུག་པ་དེ་ནི་ཁོ་ཚོའི་ངོས་ནས་བཤད་ན་ཁག་མེད་རུང་། ཁོར་ཡུག་གི་གནད་དོན་ཐོག་ནས་བཤད་ན་གསང་མི་ཉན་ཞིང་གསང་མི་བཏུབ་པའི་གནད་དོན་ཞིག་ཡིན། ཨ་རིའི་འཁྱག་རོམ་ཞིབ་འཇུག་པ་ཞིག་གིས“མཐོ་སྒང་འདིའི་ཚ་དྲོད་འཕར་ཚད་དེ་འཛམ་གླིང་ཡུལ་གྲུ་གཞན་པ་དག་དང་བསྡུར་ན་ལྡབ་གཉིས་ཀྱིས་མགྱོགས་པོ་འདུག” 7 ཅེས་ཉེན་བརྡ་བཏང་ཡོད་པ་དེས་ཀྱང་ང་ཚོར་ཁ་ཕྱོགས་ཤིག་བསྟན་པ་རེད། མདོར་བསྡུས་ཏེ་བཤད་ན་རིག་གནས་གསར་བརྗེ་དང་འགྲོགས་ཏེ་བོད་ཀྱི་མཚོ་དང་མཚེའུ་རྒྱུགས་ཆུ་དང་གཙང་པོ་གྲངས་མེད་ཅིག་ལས་སྐོར་ཞིག་མེད་པར་གྱུར་ཟིན་ལ། ཁག་ཅིག་མི་འགྱངས་པར་མེད་པར་འགྱུར་གྲབས་ཡོད་པ་རེད། དེའི་རྒྱུ་མཚན་དེང་སྐབས་བོད་དུ་རྒྱ་ནག་གིས་ཚད་བརྒལ་གྱི་ཁོར་ཡུག་གཏོར་སྐྱོན་ལས་བྱུང་བ་གོར་མ་ཆག་གོ །

མཐར་འཛམ་གླིང་སྤྱི་དང་གངས་ཅན་བོད་ཀྱི་འགྲོ་བ་མི་ཡོད་དོ་ཅོག་གིས་རང་བྱུང་གི་ཁོར་ཡུག་དང་། བདག་མེད་ཀྱི་སེམས་ཅན་ཚང་མར་གཅིག་མཐུན་གྱི་ལྟ་སྟངས་བཟུང་སྟེ་སའི་གོ་ལ་ཟླུམ་པོ་འདི་དང་ང་ཚོ་ལྷན་གནས་ཀྱིས་ཞི་བདེ་དང་ལྷིང་འཇགས་ཀྱི་འཚོ་བ་ཞིག་རོལ་ཐུབ་པ་དང་། འུ་ཅག་གི་བུ་རབས་ཚ་རྒྱུད་ཀྱང་སྔར་བཞིན་ལྗང་མདོག་གི་ཁོར་ཡུག་ཅིག་དང་ལྷན་དུ་ཚེ་རབས་ཀུན་དུ་འཚོ་གནས་ཐུབ་པའི་སྨོན་འདུན་ཞུའོ།