web analytics

༄༅། །བོད་ཀྱི་གསེར་གྱི་གཏེར་ཁ་ལ་དཔྱད་པ།

གཅན་རྣམ་ཐར།

གསེར་ཀྱི་རིགས།

གསེར་རྡོ།

གསེར་ལ་རིགས་གཉིས་ཡོད་དེ། གསེར་བཙོ་མ་དང་གསེར་རྡོ་ཞེས་རིགས་གཉིས་ཡོད། དཔེར་བཞག་ན། ཆུ་སྒྱེ་ཡི་བྱེ་མའི་ནང་དུ་གསེར་བཙགས་པ་དང་། དེ་ནས་གསེར་རི་ལྟ་བུའི་གཏེར་ཁ་སྔོག་འདོན་བྱེད་པ་ལས་བྱུང་བའི་གསེར་བཙོ་སྦྱང་ཞུན་བརྡར་བྱས་ནས་ལེན་པ་དང་། དེའི་ནང་ནས་གསེར་རྡོའི་རིགས་ནི་མ་བཙོས་པའི་གསེར་རེད། གསེར་རྡོ་དེ་བཞུ་བཏུལ་བྱས་ནས་བཙོ་སྦྱང་བྱས་ཏེ་བསྲེག་བཅད་བརྡར་བའི་གསེར་བཞིན། བསྲེག བཅད། བརྡར་ནས་བླངས་པའི་གསེར་དེ་ལ་གསེར་བཙོ་མ་ཟེར། གསེར་གྱི་ནང་གི་གསེར་བཙོ་མ་ཨང་དང་བོ་ཡིན་ཟེར། གསེར་བཙོ་མ་དེའི་རང་བཞིན་ནི་སྙི་མོ་ཡིན་པས་དམངས་ཁྲོད་ཀྱིས་གསེར་ཡང་དག་ཡིན་མིན་གསེར་གྱི་མགོར་སོ་བཏབ་ན་རྗེས་ཕབ་པས་གསེར་དེ་སྙི་མོ་ཡིན་ན་གསེར་བཙོས་མར་ངོས་འཛིན་བྱེད་པ་ཡིན། གསེར་སྦྱང་བཙོ་མའི་མདོག་དམར་སེར་དང་། གསེར་གྱི་འདུས་ཚད་ 99%་ཡིན་པ་དང་། 99% མན་ཡིན་ཚེ་གསེར་སྐྱ་ཟེར་བའི་དེ་འདྲའི་གསེར་སྐྱ་དང་གསེར་དམར་གཉིས་ལས་གསེར་དམར་གོང་ཆེ། དེ་ནས་མདོག་དང་མདངས་ལས་གསེར་གྱི་ནང་ནས་གསེར་མདངས་ཡག་མིན་དང་། མདོག་བཟང་མིན་སོགས་བཤད་རྒྱུ་ཡོད། འཛམ་གླིང་གི་ལོ་རྒྱུས་སྟེང་ནས་བལྟས་ན། གསེར་གྱི་ལོ་རྒྱུས་ཧ་ཅང་སྔ་བ་དེ་སྤྱི་ལོ་སྔོན་གྱི་ལོ་༥༠༠༠གི་སྐབས་སུ་༼埃及的拜达里༽ཨེ་ཇིབ་ཀྱི་བྷེ་ཏ་ལིའི་རིག་གནས་དུས་སྐབས་སུ། གསེར་གྱིས་བཟོས་པའི་དངོས་པོ་ཡོད་པ་དེ་ནི་ལོ་རྒྱུས་ཀྱི་སྟེང་ནས་སྔ་ཤོས་ཤིག་རེད། བོད་ཀྱི་གནའ་རྫས་བདག་གཉེར་བ་རེ་ཟུང་གིས་བོད་ཀྱི་གསེར་ལ་ལོ་སྟོང་ཕྲག་བདུན་གྱི་ཡོད་པར་བཤད་ཀྱང་དཔྱོད་པར་གྱིས། ཡང་བོད་ཀྱིས་བོད་སྨན་གྱི་ནང་ནའང་རིན་པོ་ཆེ་ཡི་རིགས་མུ་ཏིག་བདུན་ཅུ་དང་། གྲང་སྦྱོར་སོགས་སུ་གསེར་ཆུ་དང་དངུལ་ཆུ་བཏུལ་བའི་ལག་ཐབས་བླ་ན་མེད་པ་གསར་གཏོད་བྱས་ཡོད། སྔ་རབས་བོད་ཀྱི་བོན་པོའི་དུས་སུ་གསེར་གྱི་ལག་ལེན་དེ་མང་པོ་ཞིག་ཡོད་པ་དེ་དག་གི་གསེར་གྱི་མདངས་ཡག་པ་དང་ལོ་རྒྱུས་སྔ་བ། དེ་ལ་མངའ་རིས་ཀྱི་བང་སོ་ཞིག་གི་ནང་དུ་འབག་མགོ་ཞིག་བརྙེད་པ་དེ་ནི་ལོ་བཞི་སྟོང་ཡར་སྔོན་གྱི་ལོ་རྒྱུས་ཡོད་པ། སྲིད་པ་བོན་གྱི་མི་རྒྱུད་གྲོལ་ཚུལ་གྱི་ཡིག་ཚང་དུའང་སྲིད་པའི་མེས་པོ་མི་བོ་ལུམ་ལུམ། དབང་བོ་སྒོ་ལྔ་དོད་པ། མིག་འབུར་ཡོང་བ། རྣ་ཅོག་སྐྱེས་ཡོང་བ་ཞེས་པ་དེ་དང་ཉམས་འདྲ་བ་བོད་ཀྱི་ལོ་རྒྱུས་སྨྲ་བའི་མཁས་དབང་རྣམ་པས་ད་ལྟའི་སི་ཁྲོན་གྱི་གནའ་ཤུལ་ཆེས་སྔ་བར་གྲགས་པ་སན་ཞིན་ཏའེ་རིག་གནས་དང་ཆ་འདྲ་བར་ཉམས་ཞིབ་བྱེད་དགོས་ཀྱིན་འདུག

ཕྱི་གླིང་བས་བྷོད་གསེར་གྱི་ཡུལ་དུ་སྨྲ་བ།

ཏ་ཟིག་གི་ཡི་གེ་འགའ་རེ་ན། བརྡ་དེ་ཐོག་མར་ཁ་ཆེ་༼克什米尔༽ཡུལ་དུ་གྲགས་ཤིང་། ཁོང་ཚོས་ལ་དྭགས་ཀྱི་མིང་ལ་སྟོད་བོད་དམ་སྟོད་པ་ཞེས་འབོད་པ་ལས་གྱེས་པར་བཤད། བོད་ཀྱི་ས་རྒྱུས་ཐོག་མར་ཡུལ་གྲུ་གཞན་ལ་འཁྱར་བ་ཡང་སྟོད་མངའ་རིས་ཕྱོགས་ཡིན་ཏེ། སྤྱི་ལོ་སྔོན་གྱི་དུས་རབས་དྲུག་པའི་ཡར་སྔོན་དུ། གནའ་བོའི་གྷི་རིག་དང་རོམ་གྱི་མི་རྣམས་ཀྱིས་ཨེ་ཤར་གླིང་ངམ་ཁྱད་པར་དུ་ཨེ་ཤ་ཡ་ཤར་མའི་གནས་ཚུལ་ལ་རྒྱུས་མངའ་ཆེར་མེད་མོད།  ཞིས་ལོ་ཏོ་ཏི་དུས་སྐབས་སུ་སྤྱི་ལོ་སྔོན་གྱི་484 – 425སླེབས་པ་ན། ཡོ་རོབ་གླིང་དུའང་ཨེ་ཤ་ཡ་གླིང་དང་འབྲེལ་བའི་ཤེས་བྱ་ཇེ་མང་དུ་ཕྱིན། ཁོང་གིས་ལོ་རྒྱུས་དང་གྷི་རིག་གི་པར་ཟིག་དམག་འཁྲུག་ལོ་རྒྱུས་ལས་རྒྱ་གར་གྱི་གནས་ཚུལ་མང་པོ་བཀོད་ཡོད་མོད། རྩོམ་པ་པོ་ཁོང་སྐུ་དངོས་སུ་རྒྱ་གར་དུ་སླེབས་མ་མྱོང་བས། རྒྱ་གར་དུ་ཆུ་བོ་སིནྔྷུ་ཟེར་བ་ཞིག་ཡོད་པ་ལས་ཆུ་བོ་གང་གཱ་ཟེར་བ་ཞིག་ཡོད་པ་གཏན་ནས་གླེང་མི་འདུག་པ་ལ་དཔག་ན། ཁོང་གིས་རྩད་གཅོད་ཡུལ་གྱི་མི་དེ་ཡང་རྒྱ་གར་དབུས་སུ་མ་ཐོན་པར་ཤེས། བོད་དང་ཧི་མ་ལ་ཡའི་ཐ་སྙད་ཀྱང་བཀོད་པ་མཐོང་རྒྱུ་མི་འདུག རྒྱ་གར་གྱི་དམངས་ཀྱིས་ཁྲལ་དུ་གསེར་འབུལ་བ་དང་། གསེར་ཐོན་ས་ནི་གཉིས་ཡོད་དེ། གཅིག་ནི་ཆུ་བོས་དྲངས་པ་དང་ཅིག་ཤོས་ནི་ས་འོག་ཡིན་ཟེར། ཁོང་གི་དཔེ་ཆའི་ནང་བོད་ཅེས་པའི་ཐ་སྙད་བཀོད་མེད་ནའང་། སིནྔྷུའི་སྟོད་རྒྱུད་དུ་གསེར་མང་པོ་ས་འོག་ནས་ཐོན་པའི་གནས་ཚུལ་འཁོད་འདུག འབུ་གྲོག་མས་གསེར་བརྐོ་བའི་གཏམ་རྒྱུད་ངོ་མཚར་བ་ཞིག་བྲིས་ཡོད། གཏམ་རྒྱུད་དེའི་ཁྲོད་ཀྱི་འབུ་གྲོག་མ་དེ་སྲོག་ཆགས་གང་ཡིན་པའི་ཐད་ལ་ད་ལྟའི་ཞིབ་འཇུག་མཁན་གྱི་མཁས་པ་སོ་སོའི་བཞེད་པ་མི་མཐུན། འོན་ཏེ། དུས་རབས་བཅུ་གཉིས་པའི་སྟོད་དུ་འབུ་གྲོག་མས་གསེར་བརྐོས་ཏེ་སྟོད་མངའ་རིས་ཡིན་པར་ཐག་གཅོད་མཁན་མང་། དེ་བས། ཞིས་ལོ་ཏོ་ཏི་ནི་བོད་ཀྱི་གནས་ཚུལ་ཤེས་མཁན་ཕྱི་གླིང་བ་ཐོག་མར་བཞག་ཆོག་པ་དང་ཡུལ་ཡང་སྟོད་མངའ་རིས་ཡིན་པས། མིང་ཡང་ཐོག་མར་མངའ་རིས་ནས་ཕྱི་ལ་གྲགས་པ་ཡིན་ཀྱང་སྲིད། ཕྱི་གླིང་བས་བོད་ཡུལ་ནི་བྷོད་གསེར་གྱི་ཡུལ་དུ་སྨྲ་བར་གྲགས་ལ། ཡང་སྒོས་དུས་རབས་བར་མ་ནས་བཟུང་ཕྱི་གླིང་བ་བོད་དུ་ཡོང་རྒྱུ་མི་རང་གི་གཅེས་པའི་ཚེ་སྲོག་དང་བརྗེ་སྟེ་ཡོང་གི་ཡོད་པ་ང་ཚོས་ཕྱི་རྒྱལ་གྱིས་བྲིས་པའི་བོད་ཀྱི་ལོ་རྒྱུས་དཔེ་དེབ་ལས་མཐོང་ཐུབཔ་ཡིན།

བོད་ཀྱི་ལོ་རྒྱུས་ཡིག་ཚང་ལས་བྱུང་བའི་གསེར།

མངའ་རིས་ནས་ཐོན་པའི་གསེར་གྱི་འབོག

རྒྱ་བོད་ཡིག་ཚངས་ཆེན་མོ། བཀའ་གདམས་ཆོས་འབྱུང་དང་། ཐུའུ་བཀྭན་གྲུབ་མཐའ་སོགས་ལོ་རྒྱུས་མང་པོར་ལྷ་བླ་མ་གར་ལོག་ཏུ་གསེར་འཚོལ་བར་ཕྱིན་པས། གར་ལོག་གི་བཙོན་དུ་ཚུད་པར་གསུངས་ཡོད། འོན་ཏེ། གར་ལོག་དམག་འཁྲུག་གི་འབྱུང་རྐྱེན་དངོས་ལ་བསམས་ན། ལྷ་བླ་མ་གར་ལོག་ལ་གསེར་འཚོལ་དུ་ཕེབས་པ་ནི་མིན་སྙམ་སྟེ། སྟོད་མངའ་རིས་ཀྱི་ཡུལ་གྲུ་འདི་ནི་གནའ་སྔ་མོ་ནས་གསེར་ཐོན་སའི་འབྱུང་ཁུངས་གཙོ་བོ་ཡིན་ལ། ཡུལ་དེའི་ས་གང་སར་གསེར་ཁྲོག་པ་དུ་མས་གཏམས་ཡོད་ཅིང་། གསེར་གྱི་གཏེར་ཁ་བརྡོལ་བ་ན་གསེར་ཁལ་གྱི་གྲངས་ལ་གཞལ་རྒྱུ་ཡོད་པ་དང་། གུ་གེ་རང་གསེར་གྱི་ཕ་ས་ཕ་ཡུལ་ལྟ་བུ་ཡིན་པས། སྔར་ནང་ཆོས་ལ་མཁས་པའི་པཎྟི་ཏ་མང་པོ་སྤྱན་འདྲེན་པའམ། ཡང་ན་བོད་ཕྲུག་ཆོས་ལ་དོན་གཉེར་ཅན་ཚོ་རྒྱ་གར་དང་བལ་བོ། ཁ་ཆེ་སོགས་སུ་མངགས་པར་གསེར་ཕོན་ཆེན་འཁྱེར་སྲོལ་ཡོད་པ་དང་། གསེར་ནི་སྒོར་མོར་སྤྱད་ཡོད་པས། ཡུལ་མཐའ་འཁོབ་ཏུ་གསེར་འཚོལ་བའི་ངལ་བ་བསྟེན་མི་དགོས་ཤིང་། ལྷ་བླ་མ་སྐུ་དངོས་སུ་ཕེབས་པའི་དོན་ཅི་ཡིན་ཟེར་ན། རྒྱལ་དབང་ལྔ་བ་ཆེན་མོས་ཀྱང་། ལྷ་བླ་མ་གསེར་འཚོལ་དུ་ཕྱིན་པས་གར་ལོག་གིས་བཟུང་བར་བཤད་པ་ནི། སྐྱེས་བོ་ཕལ་བས་ནོར་སློང་བ་ལྟ་བུའི་རྣམ་པ་ཤར་བ་བློ་གྲོས་དམན་པ་སྟེ། ལྷ་བླ་མ་ནི་མངའ་རིས་ཀྱི་བཙད་པོ་ཡིན་པས། རྒྱུ་མཚན་ཞིབ་ཏུ་མ་དཔྱད་པའི་སྐྱོན་ནོ། ཞེས་གསུངས། ཡང་ན་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན་གྱིས་བཀོད་པའི་ཐོན་མི་སཾ་བྷོ་ཊའི་རྣམ་ཐར་སྙེ་མོ་ཐོན་ཁུལ་གྱི་རྒན་རབས་རྣམས་ཀྱི་ངག་རྒྱུན་དེ་ལོ་རྒྱུས་དོན་དངོས་ཡིན་མིན་རྟོགས་དཀའ་ཡང་། ཐོན་མི་ཨ་ནུས་བུ་ཆུང་སམ་བྷོ་ཊ་འཁྱེར་ནས་ཞིང་རྨོ་དུས་ཞིང་ཁར་སྲོང་བཙན་སླེབས་ཏེ་སམ་བྷོ་ཊ་གསེར་ཁྱོར་བ་གང་གིས་བླུས་པར་བཤད་པས། དེ་དུས་སྲིད་གཞུང་ནས་ཡི་གེ་གསེར་དུ་བཏོད་པ་ལ་བཀོད་ཁྱབ་མང་དུ་མཛད་ཅིང་། རྒྱལ་ཁམས་ཧྲིལ་བོའི་གཞོན་ནུའི་ཁྲོད་ནས་ཤེས་རབ་གང་རྣོ་བདམས་ཏེ་ཕ་མ་ལ་རིན་སྤྲད་དེ་རྒྱ་གར་དུ་མངགས་པ་ཐོན་མི་འཁོར་བཅུ་དྲུག་ཅེས་ལས་ཀྱང་གསེར་གྱི་སྤྱོད་སྒོ་གང་ཡོད་ཟུར་ཙམ་ཞིག་ཤེས་ཐུབ་ལ། དེ་མ་ཟད་དེ་དུས་སྲོང་བཙན་གྱིས་བློན་ཆེན་རུ་སྟོང་བཙན་ལ་གསེར་ཕྱེ་བྲེ་ལྔ་དང་། རིན་པོ་ཆེའི་རྒྱན་སྣ་ཚོགས་སྐྱེས་སུ་བསྐུར་བའི་ཡོངས་གྲགས་ཀྱི་ལོ་རྒྱུས་དེ་ལས་ཀྱང་ཤེས་ཐུབ། དེ་དུས་སྲོང་བཙན་གྱིས། རྒྱ་དཔོན་ཆན་སུན་བརྒྱུད་ནས་ཡི་གེ་བཏང་བར། གནམ་གྱི་སྲས་གསར་དུ་ཁྲི་ལ་བཞུགས་པ་ལགས། གལ་ཏེ་གོང་མའི་ཆབ་འབངས་ངོ་ལོག་པ་བྱུང་ན། ཁོ་བོས་དམག་དྲངས་ཏེ་གྲོགས་ཏན་བྱས་ཆོག འདིར་གསེར་གྱི་ཡོ་བྱད་རྣམ་གྲངས་བཅོ་ལྔ་གོང་མའི་མདུན་དུ་ཕུལ་ཞེས་པར་བལྟས་ན་ཡང་། བོད་དུ་གནའ་བོའི་དུས་ནས་གསེར་གྱི་གཏེར་ཁ་མོད་ལ་གསེར་བཟོ་སྦྱངས་བཏུལ་བའི་ལག་རྩལ་ཧ་ལས་པ་ཡོད་པ་རྟོགས་ཐུབ།

བོད་ཡུལ་གྱི་གསེར་གྱི་གཏེར་ཁུངས།

དེ་ཡང་ལོ་རྒྱུས་ཡིག་ཚང་རྙིང་བ་དབུ་ནག་མིའུ་འདྲ་ཆགས་ལས། དབུས་སུ་རང་གི་གསེར་ཁང་གོང་མ་དེ། སྤུ་རྒྱལ་བོད་ཀྱི་རྒྱལ་བོས་བཟུང་ཞེས་གསལ་བ་ལྟར་འདིར་དབུས་ཞེས་པ་བོད་དབུས་ལ་གོ་བ་ཡིན་ན་དེར་ཐོ་ལིང་གསེར་ཁང་དང་ཞྭ་ལུ་གསེར་ཁང་ཞེས་གསེར་ཁང་གོང་འོག་གཉིས་ཡོད་པ་ཤེས་ཐུབ། བོད་ཀྱི་རྒྱལ་ས་ལྷ་ས་ནས་མངའ་རིས་རུ་ཐོག་བར་བསྐྱོད་སྐབས་ཀྱི་གཙང་བོའི་ཉེ་འགྲམ་གྱི་ས་ཁུལ་ཀུན་ལ་གསེར་གྱི་གཏེར་ཁ་ཡོད་པར་བཤད། ནང་སྒོས་སུ་ཕ་བོང་ཁའི་སྐུ་མཁར་མ་རུའི་ནུབ་བྱང་ངོས་ཀྱི་རི་ལྡེབས་སུ་གསེར་ཕུག་ཅེས་པའི་ཕུག་པ་ཞིག་ཡོད་པ་དེ་ནས་ལྷ་སའི་གཙུག་ལག་ཁང་བཞེངས་སྐབས་གསེར་གཏེར་བཞེས་པའི་ས་ཡོད། རུ་ཐོག་ནང་དུ་གསེར་གྱི་ཁྲོག་ཞང་ཞུང་གི་སྐད་དུ་མར་དང་སྨར་ནི་གསེར་ལ་འཇུག་པར་བཤད།  དེ་ཡང་གཙང་གི་བན་ངྷེ་གསུམ་གྱིས་དུས་རབས་༡༣ནང་གཏེར་ནས་བཞེས་པ་ཁམས་བརྒྱད་གཏན་ལ་ཕབས་པ་སྟོང་ཕྲག་བརྒྱ་བ་རྩ་བའི་འབུམ་ཞེས་པའི་ནང་དུ་སྨར་གུ་གེ་རྒྱུད་ཅེས་བྱ་བ་ནི་གསེར་གྱི་ཡི་གེ་བྲི་བའི་དོན་ཡིན་པར་བཤད། མངའ་རིས་རྒྱལ་རབས་ནང་འབྲོག་མུར་ལ་མཚོ་སྐྱེས་དང་གསེར་ཁ་གསུར་ངུར་རིན་ཆེན་འབྱུང་གནས་ཞེས་པ་གསེར་གྱི་གཏེར་མང་པོ་ཡོད་པའི་ས་དེ་ཡང་རུ་ཐོག་རྫོང་གི་ས་ཁུལ་ཡིན་པ་ཝ་ཏ་ལིས་བཤད། རུ་ཐོག་གི་ཤར་ན་གསེར་ཁ་འགོག་བདེ་མཆོག་དཀར་པོར་གསེར་གྱི་གཏེར་ཁ་ཡོད་པ་དང་། རུ་ཐོག་གི་བྱང་དུ་ཡང་འགོག་ཡོད་པར་བཤད།   འགོག་ནི་གསེར་གྱི་གཏེར་ཁ་ལ་ཟེར་བ་ཡིན། ཏུང་ཧོང་ཡིག་རྙིང་ནང་ཀོག་ཡུལ་ཞེས་གསལ་བ་ཡང་བཤད། ཡང་མངའ་རིས་ནང་གསེར་གྱི་གཏེར་ཁ་ཡོད་པ་མངའ་རིས་གསེར་གླིང་གི་རྒྱལ་བོ་ཞེས་དང་། གསེར་གྱི་གཏེར་ཁ་བླངས་པ་དང་གསེར་རྫོང་ཕབས་པའི་ལོ་རྒྱུས་འཛམ་གླིང་སེང་ཆེན་རྒྱལ་བོའི་རྟོགས་བརྗོད་མངའ་རིས་གསེར་རྫོང་ནང་དུ་ཡང་གསལ་བ་ལྟར་གསེར་གྱི་གཏེར་ཁ་ཡོད་པའི་གནས་ནི་སེང་གེ་གནམ་རྫོང་ཞེས་གསལ་བས་ཕལ་ཆེར་རུ་ཐོག་སེང་གེ་རྫོང་དེ་མིན་ནམ་སྙམ་ན་ཡང་དཔྱད་པར་བྱ། མངའ་རིས་སྤྱི་ཡོངས་ནང་གསེར་གྱི་གཏེར་ཁ་མང་པོ་ཡོད་པ་དང་སྡེ་བ་གཞུང་ལ་གསེར་གྱི་ཁྲལ་མང་ཤོས་འཇལ་མཁན་ཞིག་ཡིན། གསེར་གྱི་ཁྲོག་སྟེ་འབྱུང་ཁུངས་ནི་དཔེར་ན། ར་བང་ཁྲོག་ནི་རྩ་ཧྲང་ནང་དང་མ་ན་ལའི་ཉེ་འགྲམ་ན་ཡོད་པ། ཁྲོག་ཞ་ལུང་ནི་གོ་ལང་རི་དང་ ༼གུ་ལང་གསེར་ཁ༽ དེའི་ཉེ་འགྲམ་ན་སྒེར་རྩེའི་ནང་གི་ཁྲོག་དོ་རག་པ་བཅས་ཡོད་པ་པཎིཏ་ནེན་སིང་གིས་ ༡༨༥༦ ནས་ ༥༧ ལོའི་ས་ཞིབ་ནས་ཤེས་ཐུབ། ཡང་ནེན་སིང་གི་ས་ཞིབ་ས་ཁྲའི་ནང་ལྟར་མངའ་རིས་ནང་ར་བང་རྟིང་རྩེ་ནས་མར། ཁྲོག་མུན་ནག   ཁྲོག་ར་གྱོག   ཁྲོག་གཉེན་མོ། ཁྲོག་ར་ཁྱུང་ངམ་ཀུང་། གསེར་ལུང་། ཁྲོག་ཞ་ལུང་། སོགས་ནི་གསེར་གྱི་ཁྲོག་ཆེ་ཤོས་ཡིན་པར་བཤད། ཐང་ཇུང་དང་གསེར་ཁ་ཤར་ནི་ཁྲོག་ཆུང་བའི་གྲས་ཡིན། རུ་ཐོག་ས་ཁུལ་ན་གསེར་གྱི་ཁྲོག་ཡོད་པ་ནི་དཔེར་ན། སྐལ་བཟང་གསེར་ཁྲོག  ཤ་དཔག་གསེར་ཕྲོག ཞ་ལུང་གསེར་ཕྲོག བྲ་ལུང་ཆེན་མོ་གསེར་ཕྲོག  བྲ་ལུག་ཆུང་མ་གསེར་ཕྲོག དམར་ཙག་གསེར་ཕྲོག གསེར་ལུང་གསེར་ཕྲོག གཉེན་མོ་གསེར་ཕྲོག བཞི་ལྡན་གསེར་ཕྲོག ཚེ་རོང་གསེར་ཕྲོག ར་ཅོག་གསེར་ཕྲོག མུན་ནག་གསེར་ཕྲོག འགྱིག་ལས་གསེར་ཕྲོག གསེར་ཁུངས་གསེར་ཕྲོག བྱང་ཤ་ཕྲོག གངས་ཕྲོག ཕྲོག་སྔོ་རིལ། འམ་ལུང་ཕྲོག ཕྲོག་བྲག་གུ་རག་པ་བཅས་ལ་གསེར་གྱི་ལས་ཀ་བྱེད་མི་རྣམས་ཀྱིས་གཞུང་ས་ལ་མགོ་ཞོ་གསེར་ཁྲལ་གཏན་འབེབས་ལྟར་འབུལ་དགོས། དེ་མིན་གསེར་གྱི་གཏེར་ཁར་འགུལ་མི་ཆོག་པའི་བཀག་བསྡོམས་ཁྲིམས་ལུགས་སོགས་ཀྱང་ཡོད།

གསེར་ཀྲམ།

རྟིང་སྟོད་ས་ཁུངས་སུ་གསེར་གྱི་གཏེར་ཁ་ཡོད་རིགས་ནི་མུན་ནག་ཁྲོག  ར་སྐྱོག་ཁྲོག ཞིལ་ལྡན་ཁྲོག  ཚེ་རོ་ཁྲོག  ལྷོ་ཕྱོགས་སྨར་རྩག་ཁྲོག  སྤོ་དཀར་ཆེན། ཡུལ་ས་ནག་ཆོག ཁྱག་སང་ཁྲོག གྲ་ལུང་ཆེ་ཆུང་། འབྲོང་སེང་སྨད་ནས་ཞ་ལུང་ཁྲོག་སོགས་ཡོད། གསེར་ཁྲལ་དུས་སྐབས་ཟླ་བ་ ༦ པར་རྟིང་སྟོད་ཕྱག་རྒྱ་ནས་རྟ་གྲངས་༢༠ སྐོར་ཞིག་དང་། དོ་གཡག་༧༠ དོ་ཁལ་མ་གྲངས་ ༡༡༢ སྐོར་དང་རྟ་འུལ་༥ དངུལ་རྟ་སྒ་སྦྱར་རྟ་འུལ་ ༡ བཅས་བོད་གཞུང་ལ་གསེར་ཁྲལ་འབུལ་བར་འགྲོ་དགོས་པ་དང་། གསེར་འདྲེན་པའི་གླ་ཆར་གསེར་དཔོན་ལ་གསེར་ཞི་ ༤༨ ཕུལ་པའི་སྲོལ་ཡོད་པར་བཤད། རུ་ཐོག་དབོད་བྱང་གི་ས་ཆ་འགའ་ཤས་ལ་ཡུལ་མིས་གསེར་བཏོན་རྗེས་ཡུལ་གྱི་འགོ་པས་ཤེས་ནས་མྱུར་དུ་གསེར་བཏོན་མི་ཆོག་པའི་སྲོལ་བཟོས་པའི་ལོ་རྒྱུས་ཡོད། དེའང་སྐབས་དེའི་འགོ་བ་ཡོན་ཏན་དབང་གྲགས་ཀྱིས་བཤད་དོན་ལྟར་ན་གསེར་བཏོན་པ་རྫོང་གིས་ཤེས་ན་གསེར་ཁྲལ་ཕོག་ངེས་རེད་ཅེས་བཤད་དེ། ཉིན་དེ་ནས་བཟུང་ཡུལ་མི་སུ་འདྲ་ཞིག་གིས་གསེར་བཏོན་མི་ཆོག་པ་ཡུལ་ཁྲིམས་བཟོས་ཏེ་གསེར་ཁྲལ་འཇལ་མི་དགོས་པ་བྱུང་བའི་ལོ་རྒྱུས་ཡོད། ད་ལྟ་ཡང་དབོད་བྱང་ཁུལ་གྱི་ས་ཆ་འགར་གསེར་བཏོན་ཤུལ་མཐོང་རྒྱུ་ཡོད། སྔོན་ཆད་མངའ་རིས་སྐོར་གསུམ་ནང་གི་གསེར་གྱི་ཁྲལ་བསྡུ་ཆེད་བོད་གཞུང་གིས་གསེར་དཔོན་ཞེས་བསྐོ་གཏོང་གནང་གིན་ཡོད། སྤྱི་ལོ་༡༩༤༧ལོའི་གསེར་དཔོན་ནི་བློ་བཟང་ཕུན་ཚོགས་ཞེས་པ་དེ་ཡིན། རུ་ཐོག་རྫོང་ནང་གི་གསེར་ཁྲལ་འབུལ་མཁན་ནི་བྱང་པ་ཚོ་བཞི་ཡིན། བྱང་པ་ཚོ་བཞི་ནས་མི་སེར་དབུལ་ཕོངས་རྣམས་ཀྱིས་སྔར་གྱི་ས་རྙིང་ཡང་སྐོར་བསྐྱར་སྐོར་གྱིས་ཆུ་བསིངས་རྒྱབ་ནས་གསེར་དམར་འགོ་ནག་འགའ་ཤས་བྱུང་བ་དེས་འཚོ་ཐབས་སུ་ཉིན་རེ་གསེར་ཅི་བྱུང་གསེར་ཁྲོག་སྐུ་ཚབ་ལ་སྤྲད་ནས་འབྲུ་རིགས་དང་། ཇ་སྣུམ་སོགས་བླངས་ཏེ་ལོ་འཁོར་མཚམས་སུ་རྩིས་རྒྱག་བྱེད་སྲོལ་ཡང་ཡོད། བྱང་པ་ཚོ་བཞིར་བོད་ཟླ་བདུན་པའི་ནང་བྱང་པ་དབྱར་ཚོང་དུས་ཆེན་ཉིན་གསུམ་གཏོང་སྲོལ་ལ་རྟ་རྒྱུགས་དང་། མེ་མདའ་དང་མདའ་ཚ་ཁ་བལྟ་བ་དང་། ཞབས་རིམ་ལྷ་བསངས་གཏོང་བ་སོགས་ཀྱི་དུས་ཆེན་ལ་གསེར་དཔོན་དང་། ཚོ་པ་སོ་སོས་ཁ་བཏགས་དང་། གནང་ཆ་ཇ་དང་། དར་ཚོན་གྱི་དཔའ་དར་སྤྲོད་སྲོལ་ཡོད་པ་ལྟར་བྱས་ཏེ་བྱང་པ་ཚོ་བཞིར་གསེར་ཁྲོག་སྐུ་ཚབ་བཞག་ནས་གསེར་དཔོན་རང་ཉིད་མངའ་རིས་སྒར་དབྱར་སར་ཐོན་འགྲོ  གོང་གསལ་གྱི་ལོ་རྒྱུས་ལས་སྟོད་མངའ་རིས་རུ་ཐོག་ནི་གསེར་གྱི་ཁྲོག་འདོན་ས་ཡིན་པ་གསལ་བོར་བཤད་ནུས་སོ།།

ཆོས་རྒྱལ་དང་སྡེ་སྲིད་དུས་ཀྱི་གསེར་བཀོལ་སྤྱོད།

དེ་ཡང་དགེ་སློང་བསྟན་འཛིན་དབང་གྲགས་ཀྱིས་བརྩམས་པའི་སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་ལས། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱལ་སྲིད་སྲ་བརྟན་དུ་བཏང་བ་དང་། དམ་ཆོས་གོང་འཕེལ་ཡོང་བར་དགོངས་ནས་གཡུལ་དུ་ཞུགས་ཀྱང་ཕམ་སྟེ་བཙོན་དུ་ཤོར། ལྷ་བཙུན་བྱང་ཆུབ་འོད་ཀྱིས་གསེར་འཁྱེར་ནས་ལྷ་བླ་མ་བླུ་བར་ཕེབས། གསེར་ཁོང་གི་སྐུ་ལུས་ཀྱི་ལྗིད་དང་མཉམ་པ་ཞིག་རྙེད་ཅིང་། དབུའི་ལྗིད་ཚད་མ་ལོང་བས་མི་གཏོང་ཟེར་བའི་ལོ་རྒྱུས་ཡོད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་གདན་འདྲེན་ཞུས་སྐབས། པཎྟི་ཏ་ལ་ཞུ་རྟེན་གསེར་ལིང་པ་སྲང་བཅུ་དྲུག་ཡོད་པ་ཞིག་དང་། འདུལ་བ་འཛིན་པ་ལ་སྲང་བདུན། ཕར་ཚུར་གྱི་ལམ་རྒྱགས་ལ་སྲང་བདུན། སྔར་འགྲོ་མྱོང་བ་འཕྲལ་སྐད་ཤེས་པ་གཅིག་ལ་སྲང་ལྔ། ཨན་སྟོན། སྐལ་སྟོན། རྒྱ་སྟོན་གསུམ་ལ་ཡང་སྲང་འགའ་རེ་བསྐུར་ནས་དཔོན་གཡོག་ལྔ་བརྫངས་ནས་བྱོན། ཞེས་བའི་ལོ་རྒྱུས་འདི་ལས་བོད་ན་གསེར་མང་པོ་ཡོད་པ་མཚོན། གདན་དྲངས་སྐབས་སུ་གླུ་གར་པ་མང་པོས་བཀྲ་ཤིས་པའི་ཤིས་བརྗོད་གླུ་དབྱངས་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས། སྔར་བོད་ལ་རག་དུང་མེད་ཀྱང་སྐབས་དེ་དུས་བོད་མིས་དུང་ཆེན་བཟོས་ཞིང་། དུང་ཆེན་དེའི་མིང་ལ་ལོ་པཎ་སྤྱན་འདྲེན་པའི་དུང་ཆེན་ཞེས་ཀྱང་བརྗོད། ཇོ་བོ་རྗེ་བོད་དུ་གདན་འདྲེན་རྒྱུར་ལྷ་བླ་མའི་ཁོང་གི་སྐུ་ལུས་ཀྱི་ལྗིད་དང་མཉམ་པའི་བླུ་ཡོན་ཞིག་རྙེད་པའི་འགྲོ་སོང་བཏང་བ་ལ་སོགས་པར་གཞིག་ན་བོད་ལ་ནང་བསྟན་དར་ཆེད་གསེར་ཀྱི་ནུས་བ་ཡང་ཆེན་པོ་ཐོན་ཡོད་པར་འདོད། སྤུ་ཧྲེང་རྒྱལ་རྒྱུད་ལས་མཆེད་པ་བལ་ཡུལ་ཡ་རྩེ་འཛུམ་ལངས་རྒྱལ་བོ་གྲགས་པ་ལྡེའི་སྲས་འཛི་དར་རྨལ་དང་། ཨ་ནན་རྨལ་གཉིས་ཀྱིས་གསེར་བྲིས་ཀྱིས་བཀའ་འགྱུར་བཞེངས། དེའི་སྲས་ཡ་རྩེ་རྒྱལ་བོ་རེའུ་རྨལ་ཞེས་བྱ་བས་ལྕགས་ཁྱི་སྤྱི་ལོ༡༣༡༠ ལོར་མཁས་ཤིང་ཡོན་ཏན་ལྡན་པའི་རིན་རྡོར་དང་མཛོད་པ་ཨ་རྫུ་ལ་སོགས་པ་མངགས་ཏེ་ཟངས་ཁལ་བཅོ་བརྒྱད་དོས་རེ་བྱས་པའི་ཟངས་དོས་བརྒྱ་དང་བཞི། གསེར་སྲང་ལྔ་བརྒྱས་ལྷ་ལྡན་གྱི་ཇོ་བོའི་དབུ་ཐོག་ལ་གསེར་གྱི་རྒྱ་ཕིབས་ཕུལ། དེ་ནི་བོད་དུ་རྒྱ་ཕིབས་ཕུབ་པའི་ཐོག་མ་དེ་ཡིན་པར་གྲགས། གསེར་གྱི་རྒྱ་ཕིབས་ཕུལ་བའི་ལོ་དུས་ལ་མཁས་པའི་བཤད་སྲོལ་མི་འདྲ་བ་བྱུང་འདུག་པ། དཔེར་ན། བོད་རྒྱ་ཚིག་མཛོད་ཆེན་མོ་དང་བོད་ཀྱི་ལོ་རྒྱུས་དོན་ཆེན་རེའུ་མིག་ནང་། བོད་རབ་བྱུང་གསུམ་པའི་ལྕགས་ཁྱི་སྤྱི་ལོ་ ༡༡༩༠ ལོར་ཡིན་པར་བཤད།

གསེར་གདུང་འཛམ་གླིང་རྒྱན་གཅིག

ཡང་སྡེ་སྲིད་ཚང་གིས་ཀྱང་གསེར་ཕོན་ཆེན་བེད་སྤྱད་ཡོད་དེ། གསེར་གདུང་རིན་པོ་ཆེ་འཛམ་གླིང་རྒྱན་གཅིག་ལྗང་བརྡུངས་ཐོག་ཚད་ལྔ་པ་དཔེ་ཟླ་ཐམས་ཅད་དང་བྲལ་བ་ཞིག་བཞེས་ཤིང་། འཁྲུངས་རབས་ལྷ་ཁང་གི་རྟེན་གཙོ་གསེར་ལྗང་བརྡུངས་ཀྱི་བདག་ཅག་གི་སྟོན་པ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་དང་། རིག་འཛིན་ལྷ་ཁང་གི་གཙོ་བོ་སློབ་དཔོན་ཆེན་པོ་ཟ་ཧོར་མའི་སྐུ་བརྙན་དངུལ་དཀར་ལྗང་བརྡུངས་གཟེར་ཟངས་ཀྱི་ཁྲི་རྒྱབ། ཕྲ་རྒྱན་སོགས་རིན་པོ་ཆེ་རིན་ཐང་བྲལ་བ་འབའ་ཞིག་ལས་གྲུབ་པ་སོགས་ནི་སྡེ་སྲིད་ཀྱིས་གསེར་བཀོལ་སྤྱོད་ཀྱི་ཆ་ཤས་ཙམ་ཡིན། གང་ལྟར་དགའ་ལྡན་ཕོ་བྲང་གི་དུས་སུ་བོད་ཡུལ་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཚང་གིས་གསེར་ག་ཚོད་བཀོལ་སྤྱོད་བྱས་པ་ལས་ཀྱང་བོད་ཡུལ་ན་གསེར་གྱི་གཏེར་ཁ་ཆེན་པོ་ཡོད་པ་ཤེས་ནུས་བར་མ་ཟད། གསེར་ནི་བོད་མི་རིགས་ཀྱི་སྲིད་འབྱོར་རིག་གསུམ་གྱི་ཁྲོད་དུ་མེད་དུ་མི་རུང་བའི་ནུས་བ་ཐོན་ཡོད་པ་ཤེས་ཐུབ། སྤྱིར་ན་བོད་ཀྱི་ས་ཐམས་ཅད་གཏེར་གྱིས་གང་བ་སྟེ། གཟི་དང་། ཁྲ་མན། ཁྱུང་སྐྱུགས། ནལ་ལ་སོགས་པ་མི་བཞུ་བའི་ཁམས་ཀྱི་རིན་པོ་ཆེ་དང་། གསེར་དང་། དངུལ། ཟངས། ལྕགས་ལ་སོགས་བཞུ་བའི་ཁམས་ཀྱི་རིན་པོ་ཆེའི་རིགས་དང་། ཁབ་ལེན་དང་། གསེར་རྡོ། དངུལ་རྡོ། ལྕགས་རྡོ་ལ་སོགས་པ་བཞུ་བའི་ཁམས་ཀྱི་རྡོ་རིགས་དང་། སྦལ་རྒྱབ་དང་། གངས་ཐིག རྡོ་སོལ། ཡུགས། ལྷང་ཚེར། མཐིང་རྒྱུས་ལ་སོགས་མི་བཞུ་བའི་ཁམས་ཀྱི་རྡོ་རིགས་སོགས་གཏེར་ཁ་ཆེ་ཕྲ་དཔག་ཏུ་མེད་པ་ཞིག་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཕྱོགས་ཐམས་ཅད་ན་ཐོན་གྱིན་ཡོད་པ་ལས་སྐབས་འདིར་བོད་ཡུལ་གསེར་གྱི་གཏེར་ཁ་ལ་དཔྱད་པ་མདོར་ཙམ་བྱས་པ་རེ་ཞིག་རྫོགས་སོ།།