web analytics

བོད་མཐོ་སྒང་གི་ཨ་བྲ།

ཨ་རིའི་བོད་པ་བསྟན་འཛིན།

ང་ལོ་ཆུང་དུས་ངས་ཨབ་བྲ་ (ཨབ་ར) བཟུང་ནས་རྩེད་སྤྱད་བྱེད་མྱོང་། བོད་མཐོ་སྒང་གི་ཨ་བྲའི་ཆེ་ཆུང་ནི་ནེའུ་ཡོག་གྲོང་ཁྱེར་གྱི་ཧབ་རྡ་དང་འདྲ། ཝ་ཙིག་ལས་ཅུང་ཆུང་། སྤུ་མདོག་ནེའུ་ཡོག་གི་ཤིང་རྟ་མོ་བཞིན་སྐྱ་སྐྱ་ཡིན་ཞིང་། ཤེད་མོ་ཡོད་དུས་གྲ་ཁ་དམར་པོ་ཡིན། བོད་ཡུལ་གྱི་ཨ་བྲ་ལ་རྔ་མ་མེད། དེས་ཕྱིར། ང་ཚོ་བྱིས་པ་ཚོས་ “ཨབ་ར་མ། སྐྱ་ར་མ། མྱོང་[མིང་]བོ་ཡོང་གི་རྔ་བཙོ་མ།” ཟེར་སྲོལ་ཡོད།

ང་ཚོའི་འབྲོག་ཕྲུག་བྱིས་པ་ཚོར་ཨ་བྲ་འཛིན་པའི་ཐབས་མང་པོ་ཡོད།

1 ས་སྙི་སར་ཨབ་ཁུང་ཡོད་ན་ལག་པས་སློག་ནས་འཛིན་ཐུབ། འཛིན་དུས་རང་གི་སྟོད་གོས་དང་ཞྭ་མོ་སོགས་ཀྱིས་མ་ལྕིབས་ན་ཨབ་རས་སོ་འདེབས།

2  ཨབ་ཁུང་ནང་ལ་ཆུ་བླུགས་ན་ཨ་བྲ་སྒོ་ལ་ཐོན་ཡོང་པས་འཛིན་ཐུབ།

3 ལྟག་ཁུང་ནང་དུ་ཁ་ཡིས་ཕུ་བརྒྱབས་ན་མདུན་ཁུང་ནང་དུ་ཕུ་ཐུང་ཟེད་པའམ་རྙི་བཙུགས་ན་འཛིན་ཐུབ། བྱིས་པ་ཚོས་ཨ་བྲ་བཟུང་ནས་སྐེ་ལ་སྐུད་པ་སྐོན་ནས་ཟོག་འདོགས་པ་བཞིན་བཏགས་ནས་རྩེད་མོ་བརྩེ་བ་ཡིན། ཨ་བྲ་ནི་གྲོད་བུ་མེད་པའི་སྲོག་ཆགས་རེད།

ཨ་བྲ། རི་མོ་བ་ཡེ་ཤེས་ལྷ་མོ།

ཨ་བྲ་དང་བོད་པ་ནི་བོད་མཐོ་སྒང་ནས་རྒྱུན་རིང་ལ་མཉམ་གནས་བྱས་ཡོད་པར་བཤད། དེ་ཡང་བོད་པ་རྣམས་སྔོན་མ་སྤྲེའུ་ཡིན། མཐོ་སྒང་གི་གནམ་གཤིས་ལ་འགྱུར་ལྡོག་བྱུང་པས། སྤྲེའུ་ཚོའི་སྤུ་ཤུད་དེ་རྔ་མ་མེད་པར་གྱུར། གཟུགས་འགྱུར་ནས་རྔོན་རྒྱག་པ་སོགས་བྱས་ནས་རིམ་བཞིན་ད་ལྟའི་བོད་པ་རྣམས་བྱུང་ཟེར།

ཨ་བྲ་རྣམས་ཀྱང་སྔོན་མ་བོད་མཐོ་སྒང་གི་རྔ་མ་རིང་བའི་ས་ཁར་གནས་པའི་སྲོག་ཆགས་ཤིག་ཡིན་ཡིན་མོད། གནམ་གཤིས་ལ་འགྱུར་ལྡོག་དང་ཁོ་ཚོའི་ཚེ་སྲོག་ལ་རྒོལ་བའི་དགྲ་ཇེ་མང་དུ་སོང་ནས་ཁུང་བུར་གནས་བཅོས། ཟ་མ་ལ་དཀའ་ངལ་བྱུང་སྟེ་ཕན་ཚུན་གྱི་རྔ་མ་ཟས་ནས། གཟུགས་འགྱུར་ཏེ་ད་ལྟའི་ཨ་བྲ་འདི་བྱུང་ཟེར།  དུས་རབས་བཅུ་གཅིག་པའི་དུས་མགོར་གླིང་རྗེ་གེ་སར་རྒྱལ་པོ་ཆུང་དུས་ཇོ་རུ་ཡིན་དུས། རྨ་སྨད་གཡུ་ལུང་སུམ་མདོ་ནས་ཨ་བྲ་བསད་དེ་མདའ་རྩལ་སྦྱང་བ་དང་། ཨབ་ཤ་ཟས་ཏེ་ལུས་སྟོབས་རྒྱས་ནས་ཕྱོགས་བཞིའི་དགྲ་བཞི་འདུལ་ཏེ་སེམས་ཅན་བདེ་ལ་བཀོད་པར་མཛད།

དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུའི་ནང་རྒྱ་དམག་གིས་མདོ་སྨད་ནས་བོད་ལ་བཙན་འཛུལ་བྱེད་སྐབས་ནག་ཚང་ཞི་ལི་ཕ་བུ་རྣམས་ལྷ་སར་བཙན་བྱོལ་ལ་འགྲོ་སྐབས་བྱང་ཐང་ནས་རྒྱ་དམག་དང་ཐུག ཁོའི་ཕ་བསད་དེ་ཁོ་དང་ཁོ་ལས་ལོ་གཉིས་ལས་ཆེ་བའི་སྤུན་བཅས་རྒན་གོག་དང་བྱིས་པ་བདུན་བརྒྱ་ལྷག་སྦྲ་ནག་ཆེན་པོ་ཞིག་གི་ནང་བཀག་ཉར་བྱས་ནས་བཞག་སྐབས་མང་ཆེ་བ་ལྟོགས་ཤི་ཐེབས་མོད། ནག་ཚང་ཞི་ལི་དང་ཁོའི་སྤུན་གཉིས་ཀྱིས་མཚན་མོ་ཟླ་ངོགས་ནས་ཨབ་ར་བསད་དེ་ཤ་ཟས་པས་ལྟོགས་ཤི་ལས་ཐར་བར་མ་ཟད། ཁོང་གཉིས་ཀྱིས་ལྐོག་ནས་རྒན་གོག་མང་པོ་ལ་ཨབ་ཤ་སྤྲད་པའི་གནས་ཚུལ་འདུག

རིག་གནས་གསར་བརྗེ་སྐབས་ནས་བཟུང་མའོ་ཙེ་ཏུང་གིས་ཚར་གཅོད་བྱེད་དགོས་པ་བཞི་ཡོད་པའི་ནང་གི་གཅིག་ཨ་བྲ་རེད། དེའི་ཕྱིར། དུས་དེ་ནས་བཟུང་བོད་མཐོ་སྒང་གི་ཨ་བྲ་གསོད་པའི་ལས་འགུལ་སྤེལ། ལོ་རེ་བཞིན་རྒྱ་ནག་སྲིད་གཞུང་གིས་འབྲོག་པ་ཚོར་བཀའ་ཕབ་སྟེ་ཨ་བྲ་ཚོར་དུག་སྤྲད་ནས་གསོད་དགོས་པ་དང་། མ་བསད་ན་སྒོར་མོས་ཆད་པ་གཅོད་པ་མ་ཟད། བཙོན་འཇུག་ཀྱང་བྱེད།  ཨ་བྲ་མང་པོ་དུག་གིས་བསད་པའི་ཨབ་རོ་རི་སྐྱེས་སྲོག་ཆགས་མང་པོས་ཟས་པས་སྲོག་ཆགས་མང་པོ་རྩ་མེད་ལ་སོང་བ་དང། ཡང་ན་ཇེ་ཉུང་ལ་སོང་ཡོད།  ཡིན་ཡང་བོད་མཐོ་སྒང་གི་ཨ་བྲ་རྩ་མེད་ལ་གཏོང་ཐུབ་མེད་ལ། རྒྱ་ནག་གི་ཨབ་གསོད་ལས་འགུལ་ལ་འགྱུར་བ་ཡང་བཏང་མེད། དེའི་ཕྱིར་། དམར་གཞུང་དང་ཨ་བྲའི་དམར་འཁྲུག་ད་དུང་མཇུག་རྫོགས་མེད།

ཨབ་ར་གསོད་མཁན་གྱི་སྲོག་ཆགས་གཞན་ཁག་གཅིག་ནི། གླག་དང་། ནེ་གླག་ཨབ་སྒུག ཁྲ་གླག ཁྲ།  ཁྲ་དཀར་ཞོགས་སྣེ་སྔོན་པོ་ཅན། ཁྲ་ཆུང་(ཁུ་བྱུག་) འུག་རྒན། འུག་ཆུང་། དྲེད་མོང་། སྤྱང་ཀི།  ཝ། སྦྲེ། རྩ་གཡི། རིའི་བྱི་ལ། ཁྱིམ་གྱི་བྱི་ལ། ཁྱི། ཏེའུ་ལོ། སྲེ་མོང་། གྲུམ་པ། བྲག་བྲ། སྦྲུལ། གསའ་སོགས་ཡིན་པར་མ་ཟད། ཨ་བྲས་ཀྱང་ཨ་བྲ་གསོད་པར་བྱེད།

གཏམ་དཔེ་ལ།  “དབྱར་གསུམ་ཨ་བྲའི་ཁ་གསོག། དགུན་གསུམ་མཛོ་མོའི་ཁ་ཟས།།” ཟེར་སྲོལ་བཞིན། མཚམས་མཚམས་སུ་ཨ་བྲས་རྩྭ་སྤུངས་ནས་གསོག་འཇོག་བྱེད་པ་དང་།  མཐོ་སྒང་བོད་པས་འདོད་སྲོལ་ལ། ཨ་བྲས་རྩ་གསོག་ན། ལོ་དེའི་དགུན་ཁ་དང་དཔྱིད་ཀ་རྩྭ་ཆད་འབྱུང་བའམ་ཁ་བ་ཆེན་པོ་བབས་ནས་རྩ་ཆད་འབྱུང་རྒྱུའི་སྔ་ལྟས་ཡིན་ཟེར། འདི་ལྟར། ཨ་བྲ་ནི་མཁྱེན་པ་དང་སྔོན་དཔག་ཡག་པོ་ཡོད་པར་བཤད།

ཨ་བྲ་གཙང་མར་གནས་རྒྱུ་དགའ་ཞིང་། ཨ་བྲ་རྩྭ་སྟུག་ས་ནས་མི་སྡོད་པར་རྩྭ་སྲབ་ས་ལ་གནས་བ་ཡིན། ཨ་བྲས་ཕན་ཚུན་བྱུགས་པ་བྱས་ཏེ་གཙང་མ་བྱེད།   ཨ་བྲས་ཨབ་ཁུང་ལས་ཁུང་བུ་ཕུགས་ཐུང་གཞན་ཞིག་བརྐོས་ནས་ནང་ལ་གཅིན་སྐྱག་གཏོང་། དེ་ནི་ཁོ་ཚོའི་སྤྱོད་ཁང་རེད། ཁ་བ་བབས་ཚེ་བྱེའུ་ཞིག་གིས་ཨབ་ཁུང་གི་སྒོ་ཕྱགས་ནས་གཙང་མ་བྱེད། བྱེའུ་དེའི་མིང་ལ་ཨབ་རའི་སྒོ་ཕྱགས་ཟེར། ས་ཆ་ལ་ལ་ནས་བྱེའུ་དེའི་མིང་ལ་ཨབ་རྟ་ཟེར། མཚམས་རེར། ཨ་བྲ་བྱེའུ་དེའི་གཉའ་ལ་ཞོན་ཏེ་འཕུར་ནས་འགྲོ་གིན་ཡོད་པ་མཐོང་མྱོང་མཁན་འདུག ལན་རེར། ཁྲ་སོགས་ཀྱི་འཇིགས་པ་ལས་སྐྱོབ་ཆེད་བྱེའུ་དེའི་བྱེའུ་ཕྲུག་ཨབ་ཁུང་ནང་ལ་བཞག་ནས་ཨ་བྲ་ལ་སྐྱབས་བཅོལ་བ་ཡིན། ཨ་བྲ་དང་བྱེའུ་དེ་གཉིས་ཀྱི་མཐུན་ལམ་ཧ་ཅང་བཟང་།

ཨ་བྲ་མང་སོང་ནས་རྩྭ་ས་ལ་གནོད་པ་ཐེབས་དུས་སྡེ་བརྒྱད་ལ་རྔན་པ་བཀྱགས་ན་སྡེ་བརྒྱད་ཀྱིས་དྲག་ཆར་ཕབ་ནས་ཨབ་ཁུང་ནང་ལ་ཆར་ཆུ་བླུགས་སྟེ་གཙང་ཕྱགས་བྱས་ནས་ཨ་བྲ་ཇེ་ཉུང་ལ་འགྲོ།  ཚ་གསུར་ཕུལ་ན་ཡང་ཨ་བྲ་ཇེ་ཉུང་ལ་འགྲོའོ།། །།