web analytics

དཔའ་རིས་བསོད་ནམས་ཚེ་རིང་།

འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་ལ་བརྟག་དཔྱད་གཏོང་ཚུལ་ལ་གཞིགས་ན་ང་ཚོར་སྤྲོ་བ་སྐྱེད་འོས་པ་ཞིག་གཏན་ནས་མིན། ང་ཚོའི་ཚེ་སྲོག་སྐྱོང་བ་དང་འཚོ་བའི་རྟེན་གནས་ཏེ་སའི་གོ་ལའི་སྐྱེ་ཁམས་ཁོར་ཡུག་ལ་རང་བྱུང་ཁམས་ཀྱི་འགྱུར་ལྡོག་དང་མི་རིགས་རང་ཉིད་ཀྱི་གཏོར་རླག་ཅི་རིགས་ཀྱི་དབང་གིས་སྤྱིའི་གནས་ཚུལ་ཡག་པོ་མིན།

གོ་ལའི་ཁྱོན་གྱི་གནམ་གཤིས་ཇེ་དྲོ་དང་སའི་གོ་ལའི་ཕྱི་ངོས་སུ་ཁྱབ་པའི་དྲི་ངན་དབྱང་རླུང་རིམ་པར་གཏོར་རླག་ཐེབས་པ། མིའི་རིགས་ཀྱིས་བཟོས་པའི་བཟོ་ལས་གད་སྙིགས་དང་འཚོ་བའི་གད་སྙིགས་ཀྱིས་འབག་བཙོག་བྱེད་པ། རྒྱ་མཚོ་འབག་བཙོག་ཏུ་བཏང་བ། ཆར་བ་སྐྱུར་མོ་འབབ་པ། ས་ཆ་མང་པོ་བྱེ་ཐང་དུ་གྱུར་པ་སྒོས་རྩྭ་ཐང་མང་པོ་བྱེ་ཐང་དུ་གྱུར། རྨོ་ཞིང་སོགས་ཀྱི་ཆེད་དུ་ནགས་ཚལ་མང་པོ་སྐྲ་བཞར་བ་ལྟར་རྩ་མེད་དུ་བཏང༌། ཆུ་བོའི་བཞུར་རྒྱུན་ཆད། སྤང་ཤུན་མང་པོ་བཀོག ཕྱུགས་རྩྭ་བཟང་པོ་ཇེ་ཉུང་དང་དུག་ལྡན་རྩྭ་ལྡུམ་ཇེ་མང་དུ་སོང༌། ཨ་བྲས་གང་སར་གནོད་པ་བཏང༌། ས་སྨུག་འཐིབས་པའི་ནམ་ཟླ་ཇེ་མང་དུ་གྱུར། འཁྱགས་ཀླུང་དང་འཁྱག་རོམ་ཇེ་ཉུང་ལ་སོང༌། མཚོ་དང་མཚེའུ་སྐམ་པ་མང༌།ཁ་བ་དང་ཐན་པ། བྱེ་རླུང་སོགས་རང་བྱུང་གནོད་འཚེ་ཇེ་མང་དུ་སོང༌། གང་འདོད་དུ་གསེར་དང་དབྱར་རྩྭ་དགུན་འབུ་རྐོ་བ། དཀོན་ཞིང་ཤི་ཉེན་ལ་འཕྲད་པའི་རི་སྐྱེས་དང་ཆུ་སྐྱེས་སྲོག་ཆགས་ལྐོག་གསོད་བྱས། མི་གྲངས་འཕར་མགྱོགས་པ། སྲོག་ཆགས་རིགས་ཉིན་རེ་བཞིན་ཇེ་ཉུང་དུ་འགྲོ་བ་སོགས་ལྟ་བུ་རེད། མིའི་རིགས་ཀྱིས་རང་བྱུང་ཁམས་ལ་གསར་གཏོད་བྱས་པ་དང་བསྟུན་རང་གི་ཕ་ཡུལ་སའི་གོ་ལའི་སྐྱེ་ཁམས་ཁོར་ཡུག་ལ་སྔར་མཆིས་མ་མྱོང་བའི་འབག་བཙོག་དང་གཏོར་རླག་བྱས་པར་མ་ཟད། ཐ་ན་ཕྱི་རབས་པའི་འཚོ་གནས་དང་འཕེལ་རྒྱས་ལའང་གནོད་པ་བསྐྱལ་ཡོད།

དཔྱད་གཞི་ཡིག་ཆར་གཞིགས་ན་ད་ལྟ་འཛམ་གླིང་ཡོངས་སུ་ལོ་རེར་མི་གྲངས་ཁྲི་ཚོ8600ལྷག་འཕར་སྣོན་དང་ནགས་ཚལ་སྤྱི་ཆིང་ཁྲི་ཚོ1700ལྷག་བཅད་ནས་རྩ་མེད་ཤུལ་མེད་དུ་བཏང༌། ས་ཞིང་སྤྱི་ཆིང་ཁྲི་ཚོ600ལྷག་བྱེ་མས་སྣུབ་བཞིན་ཡོད། ང་ཚོས་ཤེས་གསལ་ལྟར་འཛམ་གླིང་ཡོངས་ཀྱི་མཁའ་དབུགས་བཙོག་པར་གྱུར་པའི་དབང་གིས་འཆི་ལམ་དུ་དེད་པའི་མི་ཉིན་རེར800ལྷག་ལ་བུད་ཅིང་ཆུ་ལ་བཙོག་ཐེབས་པས་ལོ་རེར་མི་ཁྲི་ཚོ2500འཆི་བཞིན་པ་དང༌། ལོ་རེར་ནགས་ཚལ་སྤྱི་ཆིང་ཁྲི་ཚོ2000ལྷག་གཅོད་བཞིན་པ་དང༌། ལོ་རེར་སྐྱེ་དངོས་རིགས500ལྷག་སའི་གོ་ལའི་སྟེང་ནས་ཡལ་བ། རྒྱ་མཚོའི་ནང་ལ་གད་སྙིགས་ལོ་རེར་ཏུན་དུང་ཕྱུར200ལྷག་འདོར་བཞིན་ཡོད་པས་རྒྱ་མཚོའི་སྐྱེ་ཁམས་ལ་གནོད་པ་ཆེན་པོ་ཐེབས། ད་དུང་རྫས་འགྱུར་ལུད་བཀོལ་སྤྱོད་བྱེད་དྲགས་པས་ས་ཞིང་གཤིན་པོ་བྱེ་མ་ཅན་དུ་གྱུར་པ་མང༌།

གཞན་བཟོ་ལས་དར་ཆེ་བས་སའི་གོ་ལའི་ཕྱི་ཤུན་གྱི་དྲི་ངན་དབྱང་རླུང་གི་བང་རིམ་ལ་གཏོར་རླག་བཏང་བས་མིའི་རིགས་ལ་སྐྱི་པགས་ཀྱི་ནད་དང་སྐྱ་འགྲིབ་ཀྱི་ནད་སོགས་མང་པོ་འབྱུང་བཞིནཡོད། དེ་མིན་དམག་འཁྲུགས་དང་དབུལ་འཕོངས། ནད་ཡམས་སོགས་ཀྱིས་འཛམ་གླིང་སྐྱེ་ཁམས་ཁོར་ཡུག་ལ་གནོད་པ་བསྐྱལ་བ་དེ་དངོས་སུ་གསེར་དངུལ་གྱིས་ཀྱང་འཇལ་མི་སྲིད་དོ། །དེ་ནི་ང་ཚོ་འགྲོ་བ་མི་ཡིས་མིག་གིས་ལྟ་མི་བཟོད་པའི་སྐྱེ་ཁམས་ཀྱི་སྐྱོ་གར་ཞིག་ཡིན་པ་སྨོས་ཅི་དགོས། དེ་ཡང་ང་ཚོ་བོད་མི་རིགས་འདི་མི་རབས་ནས་མི་ཐོག་ཏུ་འཚོ་བ་རོལ་བའི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་མཚོན་ན་ཡང་གནད་དོན་དེ་རིགས་མང་ཆེ་བ་བྱུང་དང་འབྱུང་བཞིན་ཡོད།

གཙོ་བོ་མི་ཚོས་རང་བྱུང་ཁམས་ཀྱི་ཆོས་ཉིད་ལ་རྒྱབ་འགལ་དང་ལུགས་མཐུན་མིན་པའི་རྨོ་འདེབས་དང༌། རི་སྐྱེས་དང་ཆུ་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་མི་བྱེད་ལ་གང་བྱུང་དུ་ལྐོག་གསོད་བྱེད་ཅིང་ས་རྐོ་རྡོ་སློག་བྱས་ནས་གཏེར་ཁུངས་འདོན་པ། ནགས་ཚལ་སྐྲ་བཞར་བ་ལྟར་རྩ་མེད་དུ་གཏོང་བ། རྩྭ་རྩི་ཤིང་གི་ལོ་འདབ་གཅོད་པ། དབྱར་རྩྭ་དགུན་འབུ་སོགས་སྨན་རྩྭ་བརྐོས་ནས་འབྲོག་པའི་རྩྭ་ཐང་ལ་གཏོར་རླག་བྱས། དྭངས་མོར་འབབ་པའི་ཆུ་བོ་སྦགས་པ། གད་སྙིགས་སོགས་མི་གཙང་བ་གང་ཡིན་སར་འཕངས་པ་སོགས་མི་འདོད་དགུ་འདོད་དང་མི་ལས་དགུ་ལས་བྱས་པའི་རྐྱེན་གྱིས་ས་ཆ་ལ་ལར་ཆུ་བོའི་བཞུར་རྒྱུན་ཆད་པ་དང༌། ནགས་ཚལ་རྨོ་ཞིང་དུ་བསྒྱུར། རྨོ་ཞིང་བྱེ་ཐང་དུ་གྱུར། ས་ཆུའི་བཅུད་ཤོར་བ། རི་མགོར་རྩྭ་མི་སྐྱེ རྩྭ་ཐང་བྱེ་མས་གཡོགས་པ་སོགས་ཀྱི་སྣང་ཚུལ་བྱུང་བ་དང༌། སྔོན་ཆད་ཀྱི་སྙན་ཞིང་འཇེབས་པའི་བྱ་དང་བྱེའུ་སྒྲ་སྙན་དང་བྱེ་མ་ལེབ་ཀྱི་གཤོག་སྒྲ། ཅང་ཤེས་རྟ་ཡི་འཚེར་སྒྲ།གཡང་དཀར་ལུག་གི་འབའ་སྒྲ་སོགས་ཀྱང་གོ་དཀའ་བ་རེད། སྐྱེ་ཁམས་ཁོར་ཡུག་ཇེ་སྡུག་ལ་སོང་བའི་གནས་ཚུལ་ལ་གཞིགས་ཏེ་མཁས་པ་འགའ་ཞིག་གིས་ཆད་མ་མྱོང་བའི་རྨ་ཀླུང་ཕྱུག་མོའི་བཞུར་རྒྱུན་ཆད། འབབ་མ་མྱོང་བའི་ཁ་བ་ནག་པོ་བབས། བྱུང་མ་མྱོང་བའི་རིམས་ནད་སྣ་ཚོགས་བྱུང༌། ཆར་ཆད་རྩྭ་སྐམ་ལོ་ཏོག་ཐན་པས་ཁྱེར་ཞེས་པ་དེ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་དངོས་མཚོན་པའོ།།

སྤྱིར་བཤད་ན་མདོ་དབུས་མཐོ་སྒང་གི་ཡུལ་གྲུ་ལ་ལར་འགྲོ་བ་མིའི་རིགས་ཀྱིས་ནམ་ཡང་རང་གི་འཚོ་བའི་མཁོ་དོན་ཁོ་ནར་བསམས་ནས་འདོད་སྲེད་ཀྱི་འདྲེ་ལག་བསྲིངས་ཏེ་མཐའ་ཡས་པའི་རང་བྱུང་ཁམས་ཆེན་པོ་འདིའི་སྟེང་གི་གསད་རྒྱུ་ཐམས་ཅད་བསད། འབྲེག་རྒྱུ་ཐམས་ཅད་བྲེགས། བརྐོ་རྒྱུ་ཐམས་ཅད་བརྐོས། ལེན་རྒྱུ་ཐམས་ཅད་བླངས། ད་དུང་གངས་ཅན་ཡུལ་གྲུ་ལ་ལར་ཧམ་སེམས་ཀྱིས་མྱོས་པའི་མ་རུངས་འདྲེ་སྲིན་དག་གིས་གདོད་མའི་ནགས་ཚལ་ལ་སོག་ལེ་དང་སྟ་རེ་ཐོགས་ཏེ་ཡ་ང་བའི་དཔུང་འཇུག་བྱེད་ཅིང༌། ས་གནས་ལ་ལར་འཕྲུལ་ཆས་སྣ་ཚོགས་ཀྱིས་གསེར་ལྡན་མ་མའི་བྲང་གཞུང་གཤགས་ནས་དོན་སྙིང་ནང་ཁྲོལ་ལྟ་བུའི་གསེར་དངུལ་ཟངས་ལྕགས་སོགས་གཏེར་རྫས་སྔོག་འདོན་གྱིས་ཉིན་མཚན་མེད་པར་བྱ་རྒོད་བེམ་རོ་ལ་འཁོར་བ་བཞིན་འཕྲུལ་ཆས་སྣ་ཚོགས་ཀྱི་འུར་སྒྲས་ཁྱབ་འདུག་པ་དང༌། ད་དུང་གཤགས་བཞིན་པ་དང་གཙབས་ཟིན་པའི་རྨ་ཤུལ་ལྟ་བུའི་ནང་དུ་འགད་རྫས་དང་སྒྱོགས་རྫས་མང་པོ་སྦས་པ་སོགས་ཀྱིས་རང་བྱུང་ཁམས་དང་མིའི་རིགས་བར་གཏན་དུ་འགྲིག་ཐབས་མེད་པའི་གཡུལ་མོ་ཆེ༌ཞིག་བཤམས་ཡོད་པ་རེད།

འགྲོ་བ་མི་ཚོས་འཇིག་རྟེན་གྱི་ཡོད་ཚད་བདག་གིར་འཛིན་འདོད་ཀྱི་ཧམ་སེམས་དྲག་པོ་ཞིག་གིས་རང་ཉིད་རང་གི་གཤེད་མར་བསྒྱུར་བཞིན་འདུག གཞན་ཡང་སའི་གོ་ལའི་གནམ་གཤིས་ཇེ་དྲོར་སོང་བ་དང་བསྟུན་ནས་མདོ་དབུས་མཐོ་སྒང་གི་ས་ཇེ་སྙིར་འགྲོ་བཞིན་ཡོད། འཁྱགས་ས་ལོ་བཅུ་ལྷག་གི་རིང་ལ་མུ་མཐུད་དུ་དྲོས་པས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་འགྱུར་ལྡོག་མངོན་གསལ་དུ་བྱུང། དེས་ཀྱང་མདོ་དབུས་མཐོ་སྒང་གི་གདོད་མའི་སྐྱེ་ཁམས་ཆགས་ཚུལ་ལ་འགྱུར་ལྡོག་འབྱུང་བ་དང་ཐ་ན་གནོད་པ་ཕོག་ངེས་སོ།།བོད་ཀྱི་སྐད་སྙན་གྲགས་ཆེ་བའི་རྩོམ་རིག་པ་དོན་གྲུབ་རྒྱལ་གྱིས་སྙན་ངག (ལང་ཚོའི་རྦབ་ཆུ)ནང་དུ་སྔོ་ཞིང་བསངས་པའི་ནམ་མཁའ། དྲོ་ཞིང་འཇམ་པའི་ཉི་འོད། ཡངས་ཤིང་ཆེ་བའི་ས་གཞི །མཛེས་ཤིང་སྡུག་པའི་མེ་ཏོག མཐོ་ཞིང་བརྗིད་པའི་ལྷུན་པོ། ཞེས་མདོ་དབུས་མཐོ་སྒང་གི་རང་བྱུང་སྐྱེ་ཁམས་ཁོར་ཡུག་ལ་བསྟོད་བསྔགས་ཀྱི་སྒོ་ནས༌ཞིབ་འབྲི་མཛད་པའོ། །

ཡིན་ན་ཡང་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ཉམས་རྒུད་བྱུང་བའི་རྐྱེན་གྱིས་སྨུག་སྤྲིན་གྱི་ཕུང་བོ་ལང་ལོང་རྒྱུ་བའི་བར་གསེང་ན་རི་དྭགས་ཤྭ་རྐྱང་དང་གླ་བ། རྣ་བ། དགོ་བ་སོགས་སྐོར་དང་ཁྱུ་བྱས་ཏེ་དགའ་བདེའི་མཆོང་ལྡིང་དང་བག་ཡངས་བྲེལ་མེད་ངང་རྩྭ་ཆུ་གང་འདོད་དུ་རོལ་བའི་སྣང་ཚུལ་དང༌། ཁྲ་ཆིལ་ལེར་བཞད་པའི་མེ་ཏོག ཡལ་འདབ་དུད་ཅིང་གཡོ་བའི་ནགས་ཚལ། དྭངས་གསལ་ལྷུང་ལྷུང་འབབ་པའི་རྫ་ཆུ། དྲི་བསུང་ཕྱོགས་བཞིར་ཁྱབ་པའི་རྩྭ་ཐང༌། སྙན་པའི་གསུང་དབྱངས་གྱེར་བའི་བྱ་བྱེའུ་སོགས་མཐོང་དཀའ་བའོ།།སྦྱིར་རྩྭ་ཐང་གི་རྒྱ་ཁྱོན་ལོ་རེ་བཞིན་ཇེ་ཆུང་དང་གངས་མཚམས་ཇེ་མཐོ། འཁྱགས་ཀླུང་ཇེ་སྲབ། ས་ཆུ་ཟགས་ཤོར། ཆར་ཆུ་དཀོན་པ། རླན་ས་ཇེ་ཉུང༌། བྱེ་མའི་ཁེབས་རྒྱ་ཇེ་ཆེ། སྲོག་ཆགས་དང་རྩྭ་རྩི་ཤིང་རིགས་མང་པོ་རྩ་མེད་དུ་བཏང་བ། ཆུ་གསོག་འཛིན་གྱི་ནུས་པ་ཉམས་པ་སོགས་ནི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་མཚོན་ན་ཡིད་སེམས་སྐྱོ་བའི་སྣང་ཚུལ་ཞིག་ཡིན་པ་སྨོས་ཅི་དགོས། བྱེ་བྲག་ཏུ་བརྗོད་ན་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་བྱུང་དང་འབྱུང་བཞིན་པའི་གནད་དོན་གཙོ་བོ་གཤམ་གསལ་དག་ཡིན་པར་སྙམ།