web analytics

ཤིང་མངར་ནི། ལོ་མང་སྐྱེ་བའི་ལྡུམ་བུའི་རིགས་ཀྱི་སྐྱེ་དངོས་ཤིག་ཡིན། རྩ་བ་སེར་སྐྱ་ཤིང་ལྟར་གྱོང་བ་ནང་དུ་རྩ་རིས་ཡོད་པར་རྩྭ་ཕྲན་གྱེས་ཤིང་སྐྱེ་གནས་དབང་གིས་སྦོམ་ཕྲ་དང་སྲ་སྙིང་སྣ་ཚོགས་ཡོད། སྡོང་པོ་ཕྲ་ལ་གྱོང་བ་མདོག་ལྗང་སེར་ལ་ཡལ་ག་འདྲོང་པོར་གྱེས་པ། ལོ་མ་ལྗང་ལ་མཐུག་པ་འོད་མདངས་རྒྱས་ཤིང་སྤུ་དཀར་ཐུང་ཐུང་ཡོད་པ་ངར་པ་ཐུང་བ་རེ་རེས་མོས་སུ་སྐྱེ་ལ། མེ་ཏོག་དམར་སྐྱ་སྲན་མའི་མེ་ཏོག་གི་དབྱིབས་འདྲ་བ་ཡལ་གའི་མཚམས་ནས་འཆར་ཞིང་གང་བུ་ཤུ་མོའི་ཟའི་གང་བུ་འདྲ་ལ་ནང་དུ་འབྲུ་གུ་སྔོ་ཁྲ་བརྒྱད་དགུ་ཙམ་ཡོད།

སྨན་དུ་དགོས་པ་རྩ་བ་སྐམ་པོ་རིང་ཐུང་དང་སྦོམ་ཕྲ་ཅི་རིགས་འབྱུང་ཞིང༌། ངོ་བོ་མཁྲེགས་ལ་ལྕི་བ་བཀན་ན་ཆག་སླ་བ། ཕྱི་ངོས་རྫ་དམར་མདོག་གམ་ཁམ་སྐྱ། སུལ་རིས་ཞིབ་མོ་དང་ཡལ་ཕྲན་གོག་ཤུལ་ཡོད། བཅད་ཁ་དཀར་སེར་ཕྱི་ནང་རིམ་པའི་འཁོར་རིས་ཡོད། སྐྱེ་གནས་ཀྱི་དབང་གིས་ཤིང་མངར་ཕོ་མོ་མ་ནིང་གསུམ་དུ་དབྱེ་བ་ལས་གཞན་སྐྱེ་དབྱིབས་སོགས་མཚུངས།

མདོ་སྨད་ཕྱོགས་དང་། སོག་པོ་སོགས་སྐམ་ཤས་ཆེ་བའི་རྩྭ་ཐང་དང༌། ཆུ་རྒྱུད་ཀྱི་བྱེ་ཐང་ཞིང་མུ་སོགས་སུ་སྐྱེ་བ་མང༌། རྩ་བ་བོད་ཟླ་བརྒྱད་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་ཁཎྜ་བཟོ་རྒྱུ་དང༌། དེ་མིན་གཙང་མ་བཟོས་ཐོག་བསྐམས་ནས་སྨན་དུ་སྤྱོད་ཆོག རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་སྙོམས་པས་གློ་བའི་ནད་དང༌། རྩའི་ནད། གྲེ་བར་ཐོར་པ་བྱུང་བ་སེལ་ཞིང་གློ་ཚད་དང༌། སྐད་འགགས་པ། སྐོམ་དད་སོགས་ལ་ཕན་པ་ཡིན།