web analytics

ཤེས་དགའ་སྲུང་གསུམ་ལས་ཁོར་ཡུག་སྲུང་མདོར་ཙམ་གླེང་བ།

ཀིར་སྒར་ཕུན་ཚོགས།

ལྷོ་འཛམ་བུ་གླིང་གི་འཚོ་གནས་ཀྱི་ཁ་དོག་དང་ནུབ་བ་གླང་སྤྱོད་ཀྱི་བསམ་སློབ་ཀྱི་ང་རོ། དེ་རིང་གི་ཁོར་ཡུག་རེ་དང་དེ་རིང་གི་མི་རེ་རེའི་གནས་མལ་སྤྱོད་གསུམ་གྱི་ཟིན་ཐོའི་རྒྱུ་ཆ་རུ་བཀོད་ཅིང་། ཆ་འཕྲིན་གོ་ལའི་ཡང་རྩེ་ནས་བདུན་གསུམ་དུས་ཀྱི་ཁད་དང་འགྲོགས་ནས་འཚོ་གནས་ཀྱི་པང་ལ་གླན་ཞིང་། རྫས་དུད་ཀྱིས་ནམ་མཁའ་ཡི་དྭངས་ཆ་དེད་ཀྱང་ཁང་བརྩེགས་ཀྱིས་ས་གཞི་མནན་དེ་ས་ཆེན་ཨ་མར་ལྗིད་ཅིག་བཀལ་བའི་དེ་རིང་དང་དེ་རིང་གི་སྤྱི་ཚོགས་ཀྱི་དེ་ཉིད་ལ། ཤེས་ཡོན་ནི་མིའི་འཚོ་བ་ཅན་གྱི་རང་བཞིན་དུ་བསྟར་བའི་མི་རབས་གསར་བའི་སློབ་གསོ་དང་ལྟ་སྟངས་ཀྱི་ཁ་ཕྱོགས། འགྲོ་འདུག་གིས་དེང་གི་སྤྱི་ཚོགས་དང་ཁོར་ཡུག་སྒུལ་ལ། དེ་རིང་གི་སྤྱི་ཚོགས་ནི་ཚན་རྩལ་གོ་ལ་ཅན་དང་དཔལ་འབྱོར་འཚོ་གནས་ཅན། ཆབ་སྲིད་དམངས་གཙོ་ཅན་དང་ལྟ་བ་སྣ་ཚོགས་ཅན། ལམ་འགྲོ་འགྲིམ་འགྲུལ་ཅན། བྱ་བའི་ལས་རིམ་དང་གོ་གནས། རྒྱུད་ལག་དང་མིང་བྱང་ལ་འབྲེལ་ཆེན་པོ་ཅན་དུ་འགྱུར་བའི་འུར་ཚ་བའི་དེ་རིང་གི་སྤྱི་ཚོགས་ཀྱིས་དེ་རིང་གི་ལྟ་གྲུབ་མཐོང་སྣང་བདེན་ཞེན་གྱི་ཚི་དྲིས་འཐུམ་འདུག

རིན་ཐང་ཡལ་མེད་ཀྱི་གླེགས་བམ་རི་བོའི་གཏོས་བཅས་ཀྱི་ཨི་ཐི་བའི་རྟེན་འབྱུང་གི་བདེན་ལུགས་དང་རྒྱུ་འབྲས་ཀྱི་འཁོར་ལོ། སྐྱེ་བ་ཕྲེང་རྒྱུད་ཀྱི་བསམ་སློབ་ཀྱི་རིན་ཐང་གི་དངོས་པོ་ལ་བློ་མིག་ཞར་ལ་ཤེས་ཡོན་གྱི་ཧོལ་རྒྱུགས་སམ་ལང་ཚོའི་ཧོལ་རྒྱུགས་ཀྱི་ཀི་སྒྲ་མཐོ་ཞིང་སྤྱི་ཚོགས་དཀྲོག་བཞིན་པ་དང་། རིག་གནས་དཔལ་འབྱོར། ཆོས་ལུགས་་དང་ཆབ་སྲིད། ཐོན་བསྐྱེད་དང་ལག་རྩལ།དྲྭ་ལམ་དང་གསར་འགྱུར། རྒྱུད་ལག་དང་མིང་བྱང་། འཚོ་ཐབས་དང་སློབ་གསོ་སོགས་བློ་ངོར་ཤོང་དཀའ་ལ་ཧང་སངས་བར་གྱུར་བའི་འགྱུར་བ་འདྲ་མིན་སྣ་ཚོགས་འཕོ་འགྱུར་བྱུང་དང་འབྱུང་བཞིན་པའི་རྣམ་པ་མངོན་དུ་གྱུར་བ་སྐབས་འདི་ལྟར་ལགས་སྟེ། དེ་ལས་གླེང་དགོས་པ་དང་། ཤོབ་འདོད་པ་ནི། མྱི་ཡང་མྱི་ཡིན་པའི་གཤིས་ཀ་ནས་འགྱུར་སོང་བས་ཀ་ངོ་ཡིག་ངོ་རེ་ཟིན་པ་ནས་མིག་དཔེ་ཕྱི་གླིང་དང་བསམ་བློ་བཅིངས་གྲོལ། དུས་དཔེ་བབ་བསྟུན། ལས་རིམ་གང་དང་གང་ཡིན་ན་གསར་གཏོད་ཀྱི་ལམ་དུ་འགྲོ་དགོས་པ་དང་། གསར་བ་ལ་ཡིད་སྨོན་དང་མིག་དཔེ་འཛིན་དགོས་པ་ལས་རྙིང་བ་དོར་དགོས་ལ། ཕ་མེས་ཡང་མེས་ཀྱི་སྲོལ་རྒྱུན་འགྲོ་འདུག་སྤྱོད་གསུམ་དང་བོད་ནང་བསྟན་རིག་པ་དག་ནི་མི་རིགས་འཕེལ་རྒྱས་དང་བྱ་བའི་བཀག་རྡོ་ཡིན་སྐད་སྒྲོགས་པ་བཞིན་པ་དེ་ཡིན།

དེ་ལ། སྲོལ་རྒྱུན་རིག་གནས་ནི་དེང་རབས་རིག་གནས་ཀྱི་མ་ཡུམ་ལྟ་བུ་ཡིན། དཔེར་ན། བདེ་སྐྱིད་ཀྱི་བདེ་སྐྱིད་ནི་ནང་བསམ་པའི་དཔལ་ཡོན་ལ་ངོས་འཛིན་གནང་བ་དེ་ཡང་བོད་ཀྱི་སྲོལ་རྒྱུན་རིག་པའམ་བོད་རྒྱུད་ནང་བསྟན་རིག་གཞུང་གི་དྲོད་ཁོལ་ཡིན། དེ་ཡང་། རྒྱ་ནག་གི་མཁས་པ་ཆེན་པོ། ཁུང་ཙིས་ཀྱང་། “རྙིང་བ་བསྐྱར་དུ་སྦྱངས་ན་གོ་བ་གསར་དུ་ལོན་ཐུབ་”ཅེས་གསུངས་དང་། ཁ་རྒྱུགས་ཀྱི་གཏམ་དཔེ་ལ། “ལོ་རྒྱུས་རྙིང་བ་ལས་ངེས་ཤེས་གསར་བ་སྐྱེས།” ཞེས་ཟེར་བ་བཞིན་དེ། དོན་ངོ་མར་མདོར་བསྡུས་ནས་བཤད་ན་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ། ༡་ སྐྱེ་འགྲོ་བདེ་སྐྱིད་ཀྱི་དགེ་མཚན། ༢་ འཛམ་གླིང་ཞི་བདེ་ཡི་དགེ་མཚན། ༣་ ནང་བསམ་པའི་དཔལ་ཡོན་འཕེལ་རྒྱས་ཀྱི་དགེ་མཚན། གང་ལྟར། བདེ་བ་འདོད་ཀྱང་སྡུག་བསྔལ་མི་འདོད་པའི་འགྲོ་བ་སུ་ལའང་མེད་དུ་མི་རུང་། དེ་ཡང་། ཡང་ས་ཡང་ས་ཡིན་པ་དང་སའི་གྲུབ་སྟངས་ལས་བསྒྱུར་བའི་ཉེན་ཁ་ཅན་ནམ། ཚབ་ཆེན་གྱིས་གནས་ཚུལ་ནི་ལ་ལུང་གི་རི་སྒང་གི་ཁོག་པ་བྲུས་ནས་གཏེར་ཁ་རྔོག་འདོན་བྱེད་པ་དང་བྲག་གཏོར་ནས་བཟོ་གྲྭ་བཟོ་བ། ལ་ལུང་གི་རི་ཐང་དང་མཚོ་ནང་སོགས་ལ་གད་སྙིགས་འདྲ་མིན་གཏོར་ནས་ཁོར་ཡུག་ལ་སྦགས་བཙོག་དང་མཁའ་དབུགས་མི་གཙང་བ་བཟོས་ཀྱིན་པ་དེ་རེད། དེ་ན་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ནི་ཧ་ལས་པའི་གལ་ཆེན་པོ་ཡིན་སྟབས་ཤེས་དགའ་སྲུང་གསུམ་ལས་ཁོར་ཡུག་སྲུང་བ་དང་སྐྱོབ་རྒྱུ་གལ།

དེ་ན། དང་པོ་ཤེས་ཞེས་པ་ལས་འཛམ་གླིང་གོ་ལ་ཟླུམ་པོ་སྟེ། རང་བྱུང་ལྷུན་གྱིས་གྲུབ་པའི་མཛེས་སྡུག་གི་གངས་རི་དང་། བརྗིད་ཆགས་ཀྱི་རྫ་རི། སྔོ་ལྗང་གི་རྩ་ཐང་། རྫ་ཆུ་དང་གངས་ཆུ། མཚོ་དང་མཚེའུ། ད་དུང་གསེར་དངུལ་དང་ཟངས་ལྕགས། ས་སྣུམ་དང་རྡོ་སྣུམ། མཁའ་དབུགས་སོགས་ཕྱི་སྣོད་ཀྱི་འཇིག་རྟེན་འདི་ཉིད་སྐྱེ་འགྲོ་ཡོངས་ཀྱི་འཚོ་བའི་གཞི་རྟེན་ཡིན་པ་ངོ་ཤེས་པའི་ཐོག་ནས། ཁོར་ཡུག་གིས་མིའི་རིགས་ཀྱི་རྣམ་རིག་དང་སེམས་ཁམས་ལ་དྭངས་ཆ་བཟོ་བའང་ཤེས་དགོས།

དེ་བཞིན་ཕན་ཚུན་རྟེན་འབྱུང་གི་ལྟ་བས་བསྟན་ཡོད་དེ།  ཁོར་ཡུག་གིས་མིའི་རིགས་དང་བརླན་སྐམ་སྲོག་ཆགས་གང་ལ་གནས་པའི་སྐྱེ་འགྲོ་ཡོངས་ལ་འབྱིན་རྔུབ་ཀྱི་རྒྱུན་ཐག་བསྐྲུན་གྱིན་ཡོད་པ་ཤེས་དགོས། སྐྱེ་ཁམས་སྲུང་སྐྱོབ་ནི་རང་གི་བདེ་སྐྱིད་དང་གཟི་བརྗིད་ཡིན་པ་མ་ཟད་ཁྱབ་ཆེ་ས་ནས་བཤད་ན་འཛམ་གླིང་སྤྱིའི་བདེ་སྐྱིད་ཀྱང་ཡིན་སྲིད་པས་དེ་དག་ངོ་ཤེས་དགོས།

གཉིས་པ། དགའ་ཞེས་པའི་ཐོག་ནས་ཁོར་ཡུག་གམ་སྐྱེ་ཁམས་ལ་བརྩེ་སེམས་དང་དགའ་བ་དགོས་པའི་ཕྱིར་ཏེ། སྐྱེ་ཁམས་ཁོར་ཡུག་གིས་དེང་དུས་ཀྱི་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་བའི་སྐབས་འདིར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་ལ་ཤུགས་རྐྱེན་བླ་མེད་འཐེབ་ཀི་ཡོད་པ་དང། ད་དུང་སྨན་སྣ་སྣ་ཚོགས་དང་། འབྲུ་རིགས་སྣ་ལྔ། གནམ་གཤིས་ཀྱི་དྲོ་གྲང་སོགས་ཀྱིས་མིའི་རིགས་ཀྱི་འཚོ་བ་ལ་ཁ་དོག་བསྐྲུན་གྱིན་ཡོད་པས་ཁོར་ཡུག་ལ་དོན་ངོ་མར་དགའ་དགོས། དབྱར་ཁ་སྤྲོ་སྐྱིད་ཀྱི་གླིང་ག་ཡིན་ན། མི་མ་ཟད་བྱ་བྱེའུ་འབའ་འབུའི་སྣང་བ་སྐྱིད་ལ་བསྐུར་སའི་སྣ་བརྒྱའི་མེ་ཏོག་ཡིན་ན་ཁོར་ཡུག་གི་དབང་གིས་གྲུབ་པ་དང་། སྟོན་ཁ་འཚོ་གནས་ཀྱི་ཁ་ཟས་ཡིན་ན། ལ་ལུང་རི་སྒང་དང་འབྲུ་ལྔའི་ཞིང་ཞིང་ས་ཀུན་ནས་འབྲས་ལྗང་རྣམ་པར་བཀྲ་བའང་ཁོར་ཡུག་གམ་སྐྱེ་ཁམས་ལས་ཡོང་གི་ཡོད་པས། ཁོར་ཡུག་གམ་སྐྱེ་ཁམས་དང་མིའི་རིགས་གཉིས་ཀྱིས་ཕན་ཚུན་ལ་དགོས་མཁོ་སྐོང་གི་ཡོད་པས་དགའ་འོས་ལ་དགའ་ཡང་དགོས། ཁོར་ཡུག་ནི་མིའི་རིགས་ལ་བརྟེན་ཡོད་ལ་མིའི་རིགས་ནི་ཁོར་ཡུག་གམ་སྐྱེ་ཁམས་ལ་བརྟེན་ཡོད་པས་ཁོར་ཡུག་ལ་དགའ་དགོས།

གསུམ་པ། སྲུང་ཞེས་པའི་ཐོག་ནས་སྐྱེ་ཁམས་ཁོར་ཡུག་ནི་མིའི་རིགས་ཀྱི་དགོས་དབང་དང་། ད་དུང་ལས་དང་བསོད་ནམས་ལ་འབྲེལ་ཡོད་སྟབས་ལ་ལུང་གང་དེ་སྲུང་ཞིང་གད་སྙིགས་སོགས་གཙང་དག་གམ་བསྐྱབ་དགོས་ཏེ། ༧སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གི་གསུང་འབུམ་བསླབ་བྱ་སོ་གཉིས་མ་ལས་ “གཏེར་ཁ་སྔོག་འདོན་དང་། ཤིང་ནག་གཅོད་འབྲེག སྨན་སྣ་ཚོད་མེད་འཐུ་བ། རི་སྐྱེས་སྲོག་ཆགས་གསོད་པ། གད་སྙིགས་གང་སར་གཡུགས་ཏེ་སོ་སོའི་ཁོར་ཡུག་ལ་སྦག་བཙོག་བཟོ་བ་སོགས་ཁྱིམ་ཚང་རང་རང་སོ་སོའི་ས་ནས་བཀག་སྡོམ་ནན་པོ་བྱས་ན་སྤྱི་པའི་ཁོར་ཡུག་གཙང་མར་བསྒྱུར་ཐུབ།” ཞེས་གསུངས་པ་བཞིན། ཁོར་ཡུག་དང་སྐྱེ་ཁམས་ལ་སྲུང་སྐྱོབ་མ་བྱས་ན། ཁ་སང་དེ་རིང་ས་འགུལ་རྒྱུག་པ་དང་། མཚོ་མོ་འཕྱུར་ནས་ཆུ་ལོག་རྒྱུག་པ། མཛེས་པའི་རྩྭ་ཐང་གི་ཁ་མདོག་རིམ་བཞིན་འགྱུར་དེ་བྱེ་ཐང་དུ་གྱུར་བ། རྩྭ་ཁ་ཇེ་ངན་དུ་འགྲོ་བ། ན་ཆུ་དང་མཚེའུ། ཆུ་ཕྲན་བསྐམས་པ་སོགས་ནི་ཁོར་ཡུག་ལ་གནོད་པ་ཚབ་ཆེན་གཏོང་བས་ཡིན་པ་ཤ་སྟག་སྟེ། དཔེར་ན། གསེར་བརྐོ་བ། ཨར་འདམ་བཟོ་གྲྭ། རྡོ་སྣུམ་བཟོ་གྲྭ། རྡོ་སོལ་བསྲེགས་ས་བཅས་ཀྱི་དུག་རླུང་དང་། དེ་དག་བཟོ་བའི་སླད་དུ་རི་ཆེན་མང་བོ། ཡང་ན་རི་ཆེན་རེའི་རི་རྒྱུད་བརྐོ་བ། བཟོ་གྲྭ་རེའི་ལས་ཀ་གཏན་ལ་ཁེལ་ཆེད་དུ་གནམ་གཤིས་འཐིབ་དུས་མེ་སྒྱོགས་འཕང་ནས་སྤྲིན་ནག་གཏོར་བ་བཅས། རང་བྱུང་ངམ་རང་བཞིན་གྱི་ངོ་བོ་བསྒྱུར་ཏེ་གནོད་པ་ཚབས་ཆེན་བཟོ་བཞིན་ཡོད་པ་ཤེས་གསལ་ལྟར་ཡིན། དེ་ན་གནོད་པ་མི་གཏོང་ན་ཧ་ཅང་གི་འགྲིག་པ་དང་གནོད་པ་གཏོང་ན་འཇིགས་སྣང་དེ་དག་དང་ཕམ་ཁ་དེ་དག་ང་ངམ་ཤུགས་ཤུགས་ཀྱིས་ཡོང་བར་ཤེས་ན་ཁོར་ཡུག་གི་རིན་ཐང་དང་སྐྱེ་འགྲོ་ཡོངས་ལ་དགོས་མཁོ་སྐོང་གི་ཡོད་པས་གནོད་པའམ་འབག་བཙོག་གི་གནས་ལས་སྐྱོབ་པའམ་སྲུང་དགོས།

ཡང་ཁོར་ཡུག་གི་མཛེས་ལྗོངས་ལ་གནོད་པ་མ་ཟད། ས་བཅུད་ཉམས་པ་དང་། གནམ་གཤིས་ཀྱི་ཚ་གྲང་རང་སར་གནས་མ་ཐུབ་པའི་འགྱུར་ལྡོག་གིས་ཆར་ཆུ་དུས་སུ་མི་འབབ་པ། ཆར་ལོག་དང་། ཆུ་ལོག ས་ཡོམ་སོགས་འབྱུང་བཞིའི་གནོད་པ་ཡོང་བའི་རྩ་བ་ཡིན་པར་ཚན་རིག་མཁས་པ་མང་པོས་ངོས་འཛིན་གཅིག་གྱུར་བྱེད་བཞིན་ཡོད་པས། རང་དོན་རང་གཅེས་ཀྱིས་རང་རང་སོ་སོའི་ཁོར་ཡུག་ལ་སྲུང་སྐྱོབ་གཟབ་ནན་བྱེད་རྒྱུ་གལ་ཆེ། ཞེས་གསུངས་པ་བཞིན་ནོ།། མདོར་ན་དང་པོ་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་གནས་ལུགས་ཤེས་དགོས། གཉིས་ནས་ལ་ལུང་ཁོར་ཡུག་ལ་དགའ་དགོས། གསུམ་ནས་རང་ནུས་ཅི་ལྕོགས་ཀྱིས་སྲུང་དགོས་པ་གལ་ཆེན་པོ་ལགས།