web analytics

ཨ་སྐྱབས་རྒྱལ་སྲས།

མཚན་ཡོངས་ནི་ཨ་སྐྱབས་རྒྱལ་སྲས་ནམ་མཁའ་ཀློང་ཡངས་རིན་པོ་ཆེ་ཡིན་ཞིང་། མདོ་སྨད་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ནས་སྤྱི་ལོ་༡༩༦༨ལོར་ཞིང་བའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས། ཕ་མའི་བཀའ་དྲིན་ལས་ཆུང་དུས་ནས་མགོན་དགེ་བའི་བཤེས་གཉེན་གྱིས་ཟིན་ཏེ། ཐོག་མ་ནས་འཇིག་རྟེན་མི་ཆོས་དང་དམ་པའི་ལྷ་ཆོས་ལ་མཇལ་བའི་སྐལ་བ་བཟང་བོ་ཐོབ། དེ་ལྟར་ལོ་ན་བཅུ་དྲུག་སྟེང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་སྡེ་ཁག་ཏུ་རྒྱུགས་འཕྲོད་ལ། རིག་པའི་སྡིངས་ཀ་དེ་རུ་དགེ་བའི་བཤེས་གཉེན་ཆེན་མོ༧ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་གཙོ་བྱས། བོད་རིག་པའི་གནའ་རྩོམ་དང་བསླབ་བྱ་གཞན་དག་སོགས་ལའང་སྦྱང་བ་མི་དམན་པ་བྱས་མཐར། ཆོས་དང་ཆོས་མིན་གྱི་རྣམ་བཞག་ཅུང་ཟད་ཤེས། མཐར་ཕྱིན་ཆེད་རྩོམ་ལ༼སེང་གེ་གཤོང་གི་སྡོད་དམངས་ལ་དཔྱད་པ།༽ཞེས་པར་ཐེངས་དང་བོའི་རྒྱལ་ཡོངས་བོད་རིགས་ན་གཞོན་རྩོམ་པ་པོའི་བྱ་དགའ་ཨང་དང་བོ་ཐོབ།
སྤྱི་ལོ་༡༩༩༡ལོར་ཡང་བསྐྱར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་པ་དང་། སྤྱི་ལོ་༡༩༩༢ལོར༼མཚོ་སྔོན་མང་ཚོགས་སྒྱུ་རྩལ།༽དུས་དེབ་གཉིས་པའི་སྟེང《རྨོངས་མུན་གཉིད་ལས་སློང་བའི་དུང་སྒྲ།》ཞེས་པའི་རྩྭ་ས་རྩོད་གླེང་གི་ཆེད་སྒྲིག་ལེ་ཚན་ཞིག་ཁ་སྣོན་སྒོས་རྩོམ་སྒྲིག་གི་འགན་ཁོ་རང་ཉིད་ཀྱི་ཕྲག་ཏུ་བླངས། ཞོར་དུ《ལ་གཞས་སྙན་ངག་བཤད་པ།》《བོད་ལ་རིས་མིང་ཡོད་མེད་ཀྱི་དཔྱད་པ།》《སེང་གེ་གཤོང་གི་སྡོད་དམངས་ཀྱི་འབྱུང་ཁུངས་ལ་དཔྱད་པ།》སོགས་དཔྱད་རྩོམ་མང་བོ་ཞིག་སློབ་གཉེར་བྱེད་པའི་སྐབས་དེར་ཞིང་ཆེན་ཕྱི་ནང་གི་དུས་དེབ་སྟེང་སྤེལ་མྱོང༌།  
གཞན་ཡང་། བོད་མི་རིགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་སླད་དང་དཔལ་འབྱོར་སྣེ་ཁྲིད་བྱེད་དགོས་པའི་འདུན་མ་སེམས་ལ་བཟུང་ནས། སྤྱི་ལོ་༡༩༨༥ལོར་ཟི་ལིང་ས་ཁུལ་དུ་བོད་ཀྱི་ལོ་གསར་དང་དྲུག་པའི་ཀླུ་རོལ་གསར་འཛུགས་ཀྱི་བྱ་བར་སྐུལ་སློང་ཧུར་ལེན་བྱས་པར་མ་ཟད། སྤྱི་ལོ་༡༩༩༡ལོར་རང་ཉིད་ཀྱིས་དངོས་སུ་ཟི་ལིང་རླངས་འཁོར་ས་ཚུགས་སུ༼གངས་ལྗོངས་རིག་གནས་སྒྱུ་རྩལ་ཞབས་འདེགས་ཚོང་ཁང་།༽དང་༼གངས་ཅན་མགྲོན་ཁང་།༽གཉེར་ཏེ་ཟི་ལིང་བོད་མིའི་ཁྲོམ་རྭ་གཞི་འཛིན་གྱི་ཐོག་མའི་སྒོ་མོ་ཕྱེས།  སྤྱི་ལོ་༡༩༩༢ལོར་ཟི་ལིང་ས་ཁུལ་གྱི་བོད་རིགས་བྱིས་པ་རྣམས་ལ་བོད་ཡིག་སློབ་འདོད་ཡོད་ཀྱང་། ཁོར་ཡུག་མེད་པའི་གནས་ཚུལ་དང་གནད་དོན་ཡིད་ལ་བཅངས་ཏེ་ཞིང་ཆེན་རིམ་པར་ཡར་ཞུ་མཛད་དེ། མཐོ་སྒང་གི་ཡུལ་གྲུ་འདིར་༼གངས་ལྗོངས་ཤེས་རིག་ཀུན་ཕན་བསམ་གྲུབ་གླིང་།༽ཞེས་པའི་སྒེར་གཉེར་སློབ་གྲྭ་ཐོག་མ་དེ་བསྒྲུབ། སྤྱི་ལོ་༡༩༩༣ལོར་གློ་བུར་དུ་རླུང་དམར་དྲགས་ཏུ་ལྡིང་སྟེ། རྐྱེན་ངན་ལུས་ཐོག་ཏུ་བབས་ནས། ལོ་ལྔའི་རིང་སྤྱི་དོན་མཚམས་ཁང་དུ་མཚམས་པ་མི་བྱེད་རང་བྱེད་བྱུང༌།
སྤྱི་ལོ་༡༩༩༨ ལོར་མཚམས་ལས་གྲོལ་ཏེ༼མཚོ་སྔོན་ནང་བསྟན་བོད་ཁྱིམ་ནོར་བུ་འབར་བ་བཟོ་རྩལ་ཐོན་རྫས་ཞབས་ཕྱི་ལྟེ་གནས།༽གསར་དུ་བཙུགས་ནས། བོད་ཀྱི་དམངས་ཁྲོད་རིག་གནས་སྲོལ་རྒྱུན་གྱི་ཐང་ག་ཞེས་པ་ལྷ་འབྲི་ལས་བརྒལ་ཏེ། བོད་ཀྱི་རིག་གནས་དང་ལོ་རྒྱུས། གནའ་ཤུལ། དམངས་སྲོལ་སོགས་ཇུས་འགོད་མང་བོར་རྒྱ་ཆེའི་མང་ཚོགས་དང་ལས་ཁུངས་སོ་སོ་ནས་དགའ་བསུ་ཐོབ་མྱོང་།
སྤྱི་ལོ་༢༠༠༠ལོར་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་སེམས་ཀྱི་ཉི་ཟླའམ་ཤམ་བྷ་ལའི་བོད་ཀྱི་རིག་གནས་ཇུས་འགོད་ལ་གདན་ཞུས་ལྟར། གནས་དེར་ཐོག་མར་ཡུན་ནན་བདེ་ཆེན་རྒྱལ་ཐང་རྫོང་གི་མིང་བསྒྱུར་མཛད་སྒོའི་སྟེང་དུ་༼ཤམ་བྷ་ལའི་གོས་སྒྲུབ་འཛམ་གླིང་རྒྱན་གཅིག༽ཞེས་པ་བཞེངས་པ་དེར་ཧྲང་ཧའེ་ཆེན་མོ་འཛམ་གླིང་ཅིས་ཉི་སིས་ཟིན་ཐོར་བཀོད་ཡོད་པའི་བྱ་དགའ་གནང༌། སྤྱི་ལོ་༢༠༠༢ལོར་ཁོང་གི་གྲོགས་པོ་བློ་བཟང་དབང་འདུས་ལགས་དང་མཉམ་དུ་ཡུན་ནན་ས་ཆར༼ཤམ་བྷ་ལའི་གྲོང་ཁྱེར་དང་བོ༽བཙུགས་ཏེ། བོད་ཀྱི་གྲུབ་མཐའ་རུས་མེད་ཚང་བའི་༼ཐུབ་བསྟན་རུས་མེད་ཆོས་འཁོར་གླིང་།༽བཏབ། བོད་ཀྱི་ལག་རྩལ་བཟོ་བཅོས་ལྟེ་གནས་སུ། གཙོ་བོ་བྲིས་ཐང་དང༌། གོས་ཐང༌། བཙག་གྲུབ། འཐག་གྲུབ། པགས་རིས། འབག་བཟོ། རྫ་བཟོ། འཚེམ་བཟོ། དངུལ་འགར། ཤིང་བརྐོ། རྡོ་བརྐོ། རུས་པ་དང་རྭ་ཅོའི་བཟོ་རྩལ། ཕྱེ་མ་ལེབ་གཤོག་པའི་བཟོ་རྩལ་སོགས་དང༌། བོད་ཀྱི་ཤེས་རིག་ཞིབ་འཇུག་བརྗེ་སྤེལ་ལྟེ་གནས་སོགས་སུ་གཙོ་བོ༼བོད་ཀྱི་གསོ་རིག་འགྲེམས་སྟོན་ཁང་དང་དཔེ་མཛོད་ཁང༽གཉིས་བཙུགས། 
སྤྱི་ལོ་༢༠༠༣ལོར་ཡུན་ནན་ནས་ཕྱིར་མཚོ་སྔོན་དུ་ལོག་ཏེ་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཆོག་མཆན་ཐོབ་ནས་༼མཚོ་སྔོན་ཞིང་ཆེན་ནང་བསྟན་རིག་གནས་སྒྱུ་རྩལ་ཞབས་ཕྱི་ཚོགས་པ།༽ཞེས་པའི་དམངས་ཁྲོད་ཀྱི་ཚོགས་པ་ཞིག་བཙུགས་ལ། ཚོགས་པ་འདིས་ལོ་ངོ་དུ་མའི་རིང་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་བཟོ་རིག་ལག་རྩལ་སྲུང་སྐྱོབ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ནུས་ཤུགས་གང་ཡོད་བཏོན་པ་ཀུན་གྱིས་ཤེས་གསལ་ལྟར་ཡིན།
སྤྱི་ལོ་༢༠༠༤ལོར་མཚོ་སྔོན་ཟི་ལིང་ནས་༼བོད་ཀྱི་ཁ་ཟས་རིག་གནས་སྦྱོང་བརྡར་གསོ་སྦྱོང་འཛིན་གྲྭ།༽དང་པོ་བསྒྲུབ། འགྲོ་གྲོན་ཀྲུང་སྒོར༡༠༠༠༠༠བཏང༌། ད་དུང༼སམ་བྷོ་ཊ་བོད་ཡིག་དཔེ་ཆ་སྡེབ་ཚོང་ཁང་།༽བཙུགས་པར་མ་ཟད། ༼སྐྱེ་ཁམས་རིག་པ་སྤྱི་བཤད་འཛམ་གླིང་སྐྱེ་དགུའི་སྤྱི་ནོར།༽ཞེས་པའང་ལོ་དེར་པར་སྐྲུན་བྱས། དེར་འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པས་ཀྲུང་སྒོར་༨༠༠༠༠བཏང༌།
སྤྱི་ལོ་༢༠༠༥ལོར་༼ཨེ་ཤ་ཡའི་རི་དྭགས་སྲུང་སྐྱོབ་ཀྱི་མཚན་སྙན་རྟགས་མ།༽ཐོབ་པ་དང་། ༼སྐུ་འབུམ་བྱམས་པ་གླིང་ལས་རིགས་ལག་རྩལ་དྭ་ཕྲུག་སློབ་གྲྭ།༽ཡང་བཙུགས། ༢༠༠༦ལོར་སྐབས་དང་པོའི་གངས་ལྗོངས་མ་ཎི་སྨོན་ལམ་ཆེན་མོའི་སྟེང་༼ཁོར་ཡུག་སྲུང་སྐྱོབ་བྱ་དགའི་རྟགས་མ།༽ཐོབ་ཅིང་། ད་རུང་གངས་ལྗོངས་ཀྱི་ཆེས་ཐོག་མའི་ཆོས་རྩོད་འོད་སྡེར་༼གངས་ལྗོངས་ཆོས་རྩོད་ཆེན་མོ༽ཞེས་པའི་འོད་སྡེར་ཞིག་ཀྱང་བསྐྲུན་ཡོད། ཁྲིན་ཏུའུ་གྲོང་ཁྱེར་དུ་༼བོད་རྒྱ་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད།༽ཀྱི་རྩོམ་སྒྲིག་པའི་ལས་ཀར་ཡང་ཞུགས་མྱོང་།
སྤྱི་ལོ་༢༠༠༦ལོའི་བོད་ཟླ༤བའི་ཚེས༡༥སྟེ་ས་ག་ཟླ་བའི་དུས་ཆེན་སུམ་འཛོམས་ཉིན་ནས་བཟུང་བསྟན་འཛིན་དམ་པའི་ཞབས་པད་བརྟན་ཕྱིར༼ཚེ་ཐར་སྲོག་བླུའི་བྱ་འགུལ།༽ད་ལྟའི་བར་དུ་ལོ་རེ་བཞིན་ཉ་མོ་དང་ཕྱུགས་ཟོག་ཁྲི་སྟོང་མང་པོ་ཚེ་ཐར་གཏོང་བཞིན་ཡོད། ད་དུང་བོད་ཟླ༨པའི་ཚེས༢༡སྟེ་ས་ཡི་སྙིང་བོའི་དུས་ཆེན་ཉིན། གངས་རི་རྭ་བའི་བསྐོར་བའི་ཞིང་ཁམས་སུ་ས་ཡོམ་དང་ནད་མུག་སོགས་མི་འབྱུང་བའི་ཆེད་མདོ་སྨད་ཡུལ་གྱི་བླ་མཚོ་མཚོ་ཁྲི་ཤོར་རྒྱལ་མོ་ལ་ལོ་རེར༼ཁྲི་གཏེར།༽འབུལ་བཞིན་ཡོད།
སྤྱི་ལོ་༢༠༠༧ལོའི་ཟླ་བདུན་པའི་ཚེས་ལྔ་ཉིན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་ལ་བོད་ཟླ་དགུ་བའི་ཚེས་ཉེར་གཉིས་ནི་ཆོས་ལུགས་ཀྱི་ལྷ་བབས་དུས་ཆེན་དང་དམངས་ཁྲོད་དུ་༼དྲིན་ཆེན་ཕ་མར་དྲིན་འཇལ།༽གྱི་དུས་ཆེན་དུ་ངོས་འཛིན་བྱས་ན་ལེགས་པའི་སྙན་ཞུ་ཕུལ་བར། ཆོག་མཆན་ཡི་གེ་དངོས་སུ་ཐོབ་པ་ནས་ལོ་རེ་བཞིན་དྲིན་ཆེན་ཕ་མ་དྲིན་འཇལ་གྱི་བྱ་འགུལ་སྤེལ་ནས་བྱ་དགའ་སྤྲོད་བཞིན་ཡོད།
སྤྱི་ལོ་༢༠༠༨ལོར་༼ཟི་ལིང་བྱམས་པ་གླིང་བརྙན་ཕབ་སྒྲིག་སྦྱོར་ལྟེ་གནས།༽ཞིག་ཀྱང་གསར་དུ་བཙུགས། ལོ་དེའི་བོད་ཟླ༡༠བའི་ཚེས༢༥སྟེ་དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན་ནས་བཟུང་སངས་རྒྱས་ཀྱི་བསྟན་པ་དང་། འགྲོ་བ་སེམས་ཅན་གྱི་བདེ་སྐྱིད་ཆེད། སྐུ་འབུམ་གསེར་སྡོང་ཆེན་མོ་དང་ཟི་ལིང་མཁས་པ་མི་གསུམ་ལྷ་ཁང༌། ཁྲི་ཀའི་ཇོ་ཁང་སོགས་སུ་མཚོ་སྔོན་ནང་བསྟན་ཚོགས་པའི་ཚོགས་མི་རྣམས་ཀྱིས་ཆེད་དུ༼སྟོང་མཆོད།༽འབུལ་བཞིན་ཡོད།
སྤྱི་ལོ་༢༠༠༩ལོར་ཨན་རན་ཚན་རྩལ་ཀུང་ཟིས་༼སྙིང་རྗེའི་བདག་པོ།༽ཞེས་པའི་མཚན་སྙན་གྱི་གཟི་བརྗིད་དཔང་ཡིག་དང་བཅས་བྱ་དགའ་གནང་མྱོང་། ད་དུང་ལོ་དེར༼བོད་ཀྱི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་རོལ་སྟངས་བཅོས་བསྒྱུར་གྱི་བསམ་ཚུལ།༽ཞེས་པའི་དཔྱད་རྩོམ་ལ་གཞུང་བརྒྱའི་བགྲོ་གླེང་རྟགས་མའི་བྱ་དགའ་ཐོབ།
སྤྱི་ལོ་ ༢༠༡༠ལོར་༼ཅོག་རོ་སྒྲ་བསྒྱུར་གླིང་།༽ཞེས་པ་བཙུགས་ཏེ་རྒྱལ་ཁབ་དང་མི་རིགས་གཞན་པའི་རིག་པའི་ལེགས་ཆ་ཚུར་ལེན་དང་། རང་རིགས་ཀྱི་རིག་གནས་དང་ནང་བསྟན་ཕར་ལ་བསྒྱུར་སྒྲོག་བྱ་ཆེད། དཔེ་ཆ་སྣ་ཚོགས་བསྒྱུར་བཞིན་ཡོད་པ་བཅས་གོང་གསལ་འདི་དག་གི་ཆེ་བསྡུས་སུ་མཚོན་པའི་བྱ་བ་མི་ཕལ་བའི་བློ་ངོར་མི་ཤོང་བའི་ལས་ཀ་སྣ་ཚོགས་ལས་བཞིན་ཡོད།
ད་ཡོད་བརྩམས་ཆོས་ཀྱི་སྐོར་ངོ་སྤྲོད་བྱེད་པ་ལ།
༢༠༠༠ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི༼བུ་བརྩོན་འགྲུས་ཀྱིས་རྒན་ཤེས་རབ་ལ་དྲི་བའི་དྲིས་ལན་བརྒྱ་རྩ་བརྒྱད་ཀྱི་བདག་ཉིད་ཅན།༽ཞེས་པ་དང་།༼ཡིག་གཟུགས་དང་སྐུང་ཡིག་བློ་གསར་མིག་འབྱེད།༽༼མདོ་སྨད་བྲག་དཀར་སྤྲེལ་རྫོང་གི་གནས་ཡིག༽གཉིས་ཞང་ཀང་གྱི་ལང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་གིས་༼སྐྱེ་ཁམས་རིག་པ་སྤྱི་བཤད་འཛམ་གླིང་སྐྱེ་དགུའི་སྤྱི་ནོར།༽ ༼ལས་དབང་གི་གངས་རི་ལགས། ང་ལ་གསུངས་རོགས།༽དང་༼དུས་ཆེན་གསལ་བའི་སྒྲོན་མེའམ་བོད་རྒྱ་རྒྱལ་སྤྱིའི་དུས་ཆེན།༽༼ཡུན་ནན་རྒྱལ་ཐང་གི་ཆོས་སྲིད་ཀྱི་བྱུང་བ་བརྗོད་པ།༽དང་༼བོད་རང་སའི་སྙན་ངག་གི་ཁྱད་ཆོས་བརྗོད་པ་གངས་ཀྱི་རྒྱལ་མོའི་གླུ་དབྱངས༽༼ཨ་མདོ་བསམ་གྲུབ་ཚེ་རིང་གི་དཔྱད་རྩོམ་ཕྱོགས་བསྒྲིགས།སྟོད་ཆ།སྨད་ཆ།༽དང་༼སྲོག་བླུའི་ཕན་ཡོན།།༽༼མཐུན་པ་སྤུན་བཞི།༽དང༼ཚེ་རིང་རྣམ་དྲུག༽གི་ཐང་ག་བཞི་བཅུ་བཅས་ཡོད།
༼མདོ་དབུས་མཐོ་སྒང་གི་ཁོར་ཡུག་ཟིན་བྲིས་ཏེ་ལེ་དབར་ཁྲི་ཡི་རྒྱང་བསྐྱོད།༽དང་༼གསང་ཆེན་བླ་མེད་ཀྱི་རྣལ་འབྱོར་བ་ཆོས་དབྱིངས་རྡོ་རྗེའི་རྗེས་དྲན།༽༼སྟོང་ལོ་བརྒྱད་པ་ལོ་རྒྱུས་མེད་པའི་གོང་རོལ་ན།༽ཞེས་པ་དང་༼སེམས་གསོ་ལུས་བདེ།༽༼སྒྲོལ་མ་ཉེར་གཅིག་གི་འགྲེལ་བ།༽དང་༼འཁོར་བའི་རྒྱུ་བཞི།༽༼འདོད་བསྟན་འདོད་ཞི་མ།༽སོགས་ཡོད།
བསྒྱུར་ཡིག་གི་སྐོར་ལ། ༼རི་དྭགས་བཅིངས་གྲོལ།༽དང་༼མི་ནག་གི་ཕ་དམ་པ་མན་དྷེ་ལ།༽༼ཨ་རི་སྲིད་འཛིན་ན་རིམ་ཀྱིས་འགན་འཁྲི་དམ་བཅའ།༽བཅས་ད་རུང་སྒོར་ཕུད་མི་ཆོག་པའང་མང་པོ་ཡོད།

ཅེས་པ་འདི་ནི་མཚོ་སྔོན་དགེ་ཐོན་སློབ་གླིང་གི་དགེ་མིང་བ་སྐ་ཕུག་ཕག་མོ་ཚེ་བརྟན་གྱིས་བྲིས།

༢༠༡༢ལོའི་སྤྱི་ཟླ༩པའི་ཚེས༣༠ཉིན།