༄༅།།རྩྭ་སའི་ལྕགས་ར་ཡིས་སྐྱེ་ཁམས་ཁོར་ཡུག་དང་རིག་གནས་ལ་ཐེབས་པའི་ཤུགས་རྐྱེན་སྐོར་གླེང་བ།

རྩོམ་པ་བོ། བུན་ཁྲང་རྒྱལ།

རྩོམ་པ་བོ།
བུན་ཁྲང་རྒྱལ།

ནང་དོན་གནད་བསྡུས།

གླེང་གཞི།
བརྗོད་གཞི་འདིའི་ཐད་ཀྱི་སྔར་ཡོད་ཞིབ་འཇུག་གནས་བབ།
དང་པོ། ལྕགས་ར་དང་རྩྭ་ཐང་གི་ཚེ་སྲོག་གཞན་དག
གཉིས་པ་། ལྕགས་ར་དང་འབྲོག་པའི་བརྡ་ཆད།
གསུམ་པ། ལྕགས་ར་དང་ཕྱུགས་རྫིའི་གླུ་སྐད།
བཞི་བ། ལྕགས་ར་དང་འབྲོག་ལས་ལྷག་མ།
ལྔ་བ། མཇུག་སྡོམ།


བརྗོད་གཞི་འདིའི་ཐད་ཀྱི་སྔར་ཡོད་ཞིབ་འཇུག་གནས་བབ།

ནང་དོན་གནད་བསྡུས།

རྩོམ་འདི་བརྒྱུད་ནས་གནམ་གཤིས་འགྱུར་ལྡོག་གིས་བསླངས་པའི་འཚེར་སྣང་གི་མདུན་དུ་འཛམ་གླིང་ཡུལ་གྲུ་སོ་སོས་ཚ་ཚ་འུར་འུར་གྱིས་བསྒྲུབས་དང་སྒྲུབ་ཀྱིན་པའི་སྐྱེ་ཁམས་སྲུང་སྐྱོབ་ལས་འགུལ་གྱི་གོམ་སྟབས་ཁྲོད། བོད་ཁུལ་གྱི་ཕྱུགས་ལས་རྩྭ་སར་ལྕགས་ར་བསྐོར་ཏེ་ལོ་གྲངས་བཅུ་ལྷག་ཕྱིན་པའི་སྐབས་འདིར། རིམ་གྱིས་བོད་ཀྱི་འབྲོག་སྡེ་གཏན་སྡོད་ཅན་དུ་བསྒྱུར་ཞིང་། བགྲང་བྱ་དུ་མའི་འབྲོག་ལས་ཀྱི་འཚོ་ཐབས་ལ་སྔ་ན་མེད་པའི་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་བ་བྱུང་དང་འབྱུང་བཞིན་པ་ནི་བྲིས་ཀྱིས་མི་ལང་བ་ཞིག་ཡོད་ནའང་། ཐེངས་འདིར་གླེང་བར་བྱ་བ་ནི་དེའི་ཁྲོད་ཀྱི་ཆ་ཤས་གཅིག་སྟེ། འབྲོག་ཡུལ་གྱི་རྩྭ་སར་ལྕགས་ར་བསྐོར་བ་དེས་བོད་ཀྱི་རང་བྱུང་ཁོར་ཡུག་གཙོ་བའི་དམངས་སྲོལ་རིག་གནས་བཅས་ལ་ཐེབས་པའི་ཤུགས་རྐྱེན་སྐོར་ནས་ཅུང་ཙམ་དཔྱད་ཞིབ་བགྱིས་ཡོད།

བརྡ་ཆད་གཙོ་བོ། 
ལྕགས་ར། ཤུགས་རྐྱེན། སྐྱེ་ཁམས་ཁོར་ཡུག  རིག་གནས།
སྤྱིར་བཏང་ལྕགས་སྐུད་དང་རྣོ་ལྕགས་སྐུད་པ་བསླས་ནས་བཟོས་པའམ་གྲུབ་པའི་རྩྭ་ས་སོགས་བསྐོར་བྱེད་ཀྱི་ར་བ།


གླེང་གཞི།

དེ་ཡང་ཉེ་ཆར་གོ་ལ་སྤྱིའི་ཁོར་ཡུག་གི་འགྱུར་ལྡོག་ནི་རྒྱལ་ཁོངས་གཅིག་གམ་ས་ཁོངས་གཅིག ཡང་ན་མི་རིགས་བྱེ་བྲག་པ་ཞིག་གི་སའི་ཁྱབ་ཁོངས་ཀྱི་འགྱུར་ལྡོག་གི་གནད་དོན་འབའ་ཞིག་མ་ཡིན་པར། སའི་གོ་ལར་འཚོ་བའི་ཚེ་སྲོག་ཡོངས་དང་ཚེ་སྲོག་འདི་དག་གི་རྒྱུན། དེ་བཞིན་ཚེ་སྲོག་བགྲང་གིས་མི་ལང་བ་དག་གི་འཚོ་ཡུལ་དུ་གྱུར་བའི་སའི་གོ་ལ་འདི་ཉིད་ཀྱི་གནས་ཡུན་ཇི་ལྟར་སྲིང་ཐུབ་པར་བྱེད་པའི་གནད་དོན་ཁ་ཚ་དགོས་གཏུག་ཅན་དེ་ཡིན་པས་ན། འཛམ་གླིང་ཕྱོགས་སོར་གནས་པའི་ཡུལ་གྲུ་དག་ཏུ་འདིའི་དོན་ལ་ལས་འགུལ་དང་ཆེད་རྩོམ་སྤེལ་བ་རི་བོའི་གཏོས་དང་མཉམ་ཞིང་། འདིའི་ཐད་བརྩམས་པའི་ཡར་སྐུལ་གྱི་སྦྱོར་བ་དང་གསལ་འདེབས་ཀྱི་བསྒྲགས་ཚིག་གིས་ནི་ཆ་འཕྲིན་དུས་རབས་འདིའི་བརྙན་རླུང་དེབ་གསུམ་གྱི་བརྒྱུད་ལམ་རྣམས་འགད་ལ་ཉེ་བར་བྱེད། འདི་དག་ནི་མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་ཐད་ཀྱི་ལོ་འཁོར་ཚོགས་ཆེན་ (the United Nations Climate Change Conference) ཞེས་པས་མཚོན་པའི་རྒྱལ་སྤྱིའི་སྒང་དང་རྒྱལ་ནང་ཁྱབ་ཁོངས་སོ་སོའི་གཞུང་སྒེར་གང་རུང་གི་རྩ་འཛུགས་ལ་དོ་སྣང་ཅུང་ཙམ་སྤྲད་པས་ཀྱང་ཤེས་ཡོང་པས་འདིར་རྒྱས་པར་མ་སྤྲོས།

གོང་དུ་སོང་བའི་འཛམ་གླིང་གནམ་གཤིས་ཀྱི་དྲོ་གྲང་འགྱུར་བ་ནི་ཉེ་སྔོན་མདོ་དབུས་མཐོ་སྒང་གི་གངས་རི་དང་། གཙང་བོ། མཚོ་དང་མཚེའུའི་གནས་བབ་ལས་མངོན་གསལ་གྱིས་ཤེས་ཡོང་བ་མི་རྣམས་གཅིག་མཐུན་དུ་སྨྲ་ཞིང་། གངས་རི་དང་གཙང་བོའི་རྒྱུད་དུ་བོད་རིགས་ཙམ་མ་ཟད། མི་རིགས་གཞན་སོགས་མི་གྲངས་དུང་ཕྱུར་མང་པོ་འདུས་སྡོད་ཀྱིས་གཙང་བོ་འདི་དག་འཚོ་རྟེན་གྱི་ཁུངས་སུ་བཅོལ་ཡོད་པ་ནི་གཙང་བོའི་སྨད་ཀྱི་བཞུར་རྒྱུན་སོ་སོར་སྡོད་པའི་ཀྲུང་གོའི་ནང་ས་དང་། ཝེ་ཊི་ནམ། ལཱོའོ་ཟི། ཁཱམ་བྷོ་ཌེ་ཡ། གསེར་གླིང་། འབར་མ། བྷིང་ག་ལ། རྒྱ་གར། ཕཱ་ཁེ་ཟི་ཊན། འབྲུག་དང་བལ་བོ། སོག་ཡུལ་སོགས་རྒྱལ་ཁམས་དང་ཡུལ་ཁམས་དག་ཏུ་མ་ཡུམ་གཙང་བོར་འབོད་ཅིང་འགྲོ་བ་མིའི་ཤེས་རིག་གི་དཔལ་སྩོལ་བའི་འབྱུང་ཁུངས་ཡང་གཅིག་བྱས་ན་དབལ་སོ་གངས་ཀྱི་ར་བས་ཀུན་ནས་བསྐོར་ཞིང་། ཁ་འབབ་བཞི་གཙོ་བྱས་པའི་ཆུ་སྣ་མང་བྱུང་གི་རང་རེའི་གངས་ཅན་པའི་ལྗོངས་འདི་ཡིན་པ་བསྙོན་དུ་མེད། དེ་བས་བོད་ཀྱི་ཡུལ་འདིས་ཡ་གླིང་[Asia]ས་བབ་ཀྱི་ཆ་ཤས་གལ་ཆེན་ཟིན་ཡོད་ནའང་། ཆ་སྙོམས་ཀྱི་མཐོ་ཚད་མཚོ་ངོས་ལས་རྨིད་[m]༤༠༠༠ ཡན་ཆད་ཡིན་པའི་སྟབས་ཀྱིས་མཐོ་སྒང་གི་སྐྱེ་ཁམས་མ་ལག་ཧ་ཅང་གཉོམ། །  


བརྗོད་གཞི་འདིའི་ཐད་ཀྱི་སྔར་ཡོད་ཞིབ་འཇུག་གནས་བབ།
མདོ་དབུས་མཐོ་སྒང་གི་འབྲོག་ལས་ནི་རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་རྨིད་༣༥༠༠ ཡི་ཡན་ལ་ཡོད་ཅིང་། དགུན་དུས་རིང་ལ་ཆར་ཆུ་དཀོན་པས་སྐྱེ་དངོས་ཀྱི་རིགས་སྐྱེས་པར་བཀག་རྒྱ་ཆེ་བ་བཅས་ཀྱི་དབང་གིས་འཛམ་གླིང་ཡུལ་གྲུ་གཞན་གྱི་འབྲོག་ལས་དང་འདྲ་གི་མེད་པར་བརྗོད་ཡོད། དམིགས་བསལ་གྱི་ས་བབ་ཁོར་ཡུག་འདི་ལྟ་བུར་ཡུལ་ལུང་གཞན་ལ་དཀོན་པའི་སྐྱེ་དངོས་རིགས་མང་པོར་གལ་སྲིད་རང་བྱུང་ངམ་མིས་བཟོས་གཏོར་བརླག་ཅུང་ཙམ་ཕོག་ཚེ་སླར་གསོ་དཀའ་བ་ཡིན་ཙང་། དེས་ཡ་གླིང་སྐྱེ་ཁམས་ཁོར་ཡུག་གི་མགོ་ཁོངས་ལ་གཏོར་ཤུགས་ཐེབས་པ་མ་ཟད། ཡ་གླིང་སའི་ཆ་ཤས་གལ་ཆེན་ཟིན་པས་གླིང་དེ་སྤྱི་ལ་སྐྱེ་ཁམས་དོ་མི་མཉམ་པའི་ཤུགས་རྐྱེན་འདོན་པ་དེར་ཡ་གླིང་གིས་འཛམ་གླིང་སྤྱིའི་ས་ཡི་ཆ་ཤས་ཆེན་པོ་ཟིན་པས། བྱེ་བྲག་གི་གླིང་གང་དང་འདྲ་བར་ཡ་གླིང་གི་སྐྱེ་ཁམས་ཁོར་ཡུག་ལ་བརྡབ་གསིག་ཐེབས་པས་ན་འཛམ་གླིང་སྤྱི་ལ་ཤུགས་རྐྱེན་འབྱུང་བ་དང་གཅིག

ཡང་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སླར་གསོ་དང་སྲུང་སྐྱོབ་ཐོབ་པར་འབྲོག་ལས་ཚོད་འཛིན་ནི་གཡོལ་ཐབས་མེད་པ་ཞིག་ཡིན་ཚུལ་གྱིས་འབྲོག་པ་རྣམས་ཕྱུགས་བསྐྱུར་གཏན་སྡོད་དུ་བསྒྱུར་བར་ཁོང་ཚོའི་འཚོ་ཐབས་སོགས་གནས་ཚུལ་ཐད་གནད་དོན་རབས་དང་རིམ་པ་བྱུང་དང་འབྱུང་བཞིན་པར་རྒྱལ་ཕྱི་ནང་གི་ཉམས་ཞིབ་པ་མང་པོས་དཔྱད་འཇོག་བྱས་དང་བྱེད་མུས་སུ་ཡོད་པ་ལ་གཙོ་བོར། ༼ཀྲུང་གོའི་ནང་བོད་ཀྱི་དབང་ཤུགས་མེད་པའི འཕེལ་རྒྱས།༽ (the Disempowered Development of Tibet in China2 ) ཞེས་པའི་དབྱིན་ཡིག་དེབ་དུ། རྩོམ་པ་པོ་ཨཱན་ཌི་རོ་མཱར་ཊིན་ཧྥེ་ཧྲིར། (Andrew Martin Fischer) ལགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་སྲིད་ཇུས་ཐད་ཀྱི་རྩིས་ཐོ་སོགས་ཡིག་ཆ་དང་རིག་ཚན་བསྣོལ་མའི་ཡུལ་དངོས་རྟོག་དཔྱོད་ཀྱི་ཞིབ་འཇུག་བྱེད་ཐབས་གཙོ་བོར་བཟུང་སྟེ། དེང་རབས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་དགོངས་འཆར་ལྷུག་པོ་བཏོན་ཡོད་ལ། སྒྲུབ་བྱེད་བཙན་ཞིང་སྒྲུབ་ཐབས་ཡིད་རྟོན་འཕེར་བས་བོད་ཀྱི་ནུས་མེད་ཉམ་ཐག་གི་ད་ལྟའི་གནས་ཚུལ་ནི་རྒྱལ་ནང་གི་བྱ་འཕུར་བ་ལྟར་མགྱོགས་པའི་དཔལ་འབྱོར་འཕེལ་རྒྱས་ཀྱིས་བསྐྱེད་པས། ས་ཁུལ་བར་དབུལ་ཕྱུགས་མི་སྙོམས་པའི་སྣང་ཚུལ་མངོན་གསལ་དོད་ཅིང་། དེ་འབྲེལ་གྱི་གནད་དོན་ལུ་གུ་རྒྱུད་དུ་ལྷགས་ཡོང་བཞིན་པར་འདོད་པ་བཅས་ཀྱི་ལྟ་ཚུལ་གལ་ཆེན་བཏོན་ཡོད། འདི་ནི་ཀྲུང་གོའི་འཕེལ་རྒྱས་སྲིད་ཇུས་དང་བོད་ཁུལ་དཔལ་འབྱོར་གནས་ཚུལ་ཐད་ཐོད་བརྒལ་ཅན་གྱི་ཞིབ་འཇུག་བརྩམས་ཆོས་ཤིག་རེད།


རྒྱལ་ནང་དུ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་སུའུ་ཧྥ་ཞང་[苏发祥]དང་ཁོའི་ཞིབ་འཇུག་སློབ་མ་རྣམས་ཀྱིས་མདོ་སྨད་ལྷོ་རྒྱུད་ཀྱི་འབྲོག་པའི་གཏན་འབེབས་སྡོད་ཁུལ་འགའི་གཏན་སྡོད་སྔ་རྗེས་ཀྱི་གནས་ཚུལ་ཐད་ལ་གཙོ་བོར་འབྲོག་པའི་འཚོ་ཐབས་འགྱུར་ལྡོག་དང་བྱིས་པའི་སློབ་གསོར་ཉམས་ཞིབ་3 གནང་འདུག་ནའང་། དེ་དུས་སུ་འབྲོག་དམངས་གཏན་སྡོད་དུ་བསྒྱུར་ནས་དུས་ཡུན་རིང་པོ་ཕྱིན་མེད་པས། འབྱུང་མུས་ཀྱི་འགྱུར་ལྡོག་དག་བཀོད་ཐུབ་མེད་པ་དང་ཞིབ་འཇུག་གི་གཞི་འཛིན་ས་ཡང་མི་འདྲ་བས་ན། རྩྭ་སར་བསྐོར་བའི་ལྕགས་སྐུད་ཀྱི་ར་བ་དང་། དེས་ཁོར་ཡུག་དང་རིག་གནས་ལ་ཐེབས་པའི་ཤུགས་རྐྱེན་ཐད་ཀྱི་ཉམས་ཞིབ་ནི་མེད་པ་མིན་ཡང་ཉུང་ཉུང་རེད།


གཞན་ཡང་མཐོང་ཐོས་མྱོང་སྣང་ཅུང་ཙམ་བཀོད་པའི་རྩོམ་ཐུང་རེ་འགའ་ཕུད་བོད་ཡིག་གི་ལམ་ནས་བརྗོད་གཞི་འདིར་ཆེད་དུ་ཞིབ་འཇུག་བགྱིས་པའི་ཆེད་རྩོམ་མམ་དཔྱད་རྩོམ་ད་ཕན་ཕལ་ཆེར་མེད་པ་ནང་བཞིན་ཆགས་ཡོད་ལ། དེས་ནི་རང་ཅག་གི་སློབ་ཆེན་དག་ཏུ་འདིའི་ཐད་ཀྱི་བོད་ཡིག་གི་ཆེད་ལས་མེད་པའི་སྟོང་ཆ་དང་། ཚན་རིག་ཞིབ་འཇུག་གི་སྡེ་ཁག་དག་ཏུ་ཡང་ཉམས་ཞིབ་བོད་ཡིག་གི་ལམ་ནས་བྲི་བའི་སྡེ་ཚན་གྱི་དགོས་མཁོ་ཞིག་གསལ་འདེབས་བྱེད་ཀྱིན་པ་ཡིན་ནམ་སྙམ། ཡིན་ནའང་དགའ་འོས་པ་ནི་རང་རེའི་འབྲོག་ལས་རིག་གནས་ཀྱི་སྐོར་ལ་སྔོན་བྱོན་དམ་པ་དག་གི་རྣམ་ཐར་གྱི་ཟ་དང་ཟུར་ནས་ཅུང་ཙམ་ཤེས་ནུས་ལ། དེ་མིན་དམངས་སྲོལ་དང་ཡུལ་ལུང་ལོ་རྒྱུས་སྐོར་གྱི་ཕྱག་དེབ་ལས་ཚུར་སྣང་བྱས་པ་ཐར་ཐོར་ཡོད་པ་དེ་དང་དེང་གི་ཡུལ་དངོས་འབྲོག་མིའི་གནས་བབ་སོ་སོ་བསྡུར་ན་ཟུར་བལྟས་ལེབ་མཐོང་གི་ཚུལ་དུ་ཅུང་ཙམ་རྟོགས་ཡོང་།

ཡང་བོད་ཀྱི་སྲོལ་རྒྱུན་འབྲོག་ལས་ཐད་ཀྱི་ཆེད་རྩོམ་ལ་གཙོ་བོར་༼བྱང་འབྲོག་གི་ལམ་ཡིག༽4 དང་༼བོད་སྤྱི་བཤད་༽5 ལྟ་བུ་འབྲོག་ལས་སྤྱིར་བརྗོད་པའི་ཕྱག་དེབ་ཉུང་ཙམ་ལས་བྱེ་བྲག་ཏུ་དེང་གི་ཡུལ་ལུང་སོ་སོའི་འབྲོག་ལས་འགྱུར་ལྡོག་གི་རྣམ་པ་བརྗོད་གཞིར་བཟུང་ཞིང་བོད་ཡིག་གིས་བྲིས་པ་ཧ་ཅང་དཀོན། དེ་བས་འདིར་བོད་ཀྱི་འབྲོག་པ་ཁུལ་བསྡུ་གཏན་སྡོད་དུ་བསྒྱུར་བའི་གནས་བབ་བྱེ་བྲག་པ་རེ་རེའི་སྐོར་དོ་སྣང་སྒོས་བྲི་བར་བྱེད་པར་སྐུལ་སློང་དང་རང་གི་མཐོང་ཐོས་མྱོང་གསུམ་གྱི་ཆ་ཤས་ཕྲ་མོ་ཞིག་ཀུན་ལ་དྲན་ཚུལ་བརྗེ་རེས་ཀྱི་ཚུལ་དུ་འགོད་པ་ལ་མདོ་སྨད་ཡུལ་གྱི་མཚོ་ཁྲི་ཤོག་རྒྱལ་མོའི་མཐའ་འཁོར་རམ་དེ་དང་ཁད་ཉེ་བའི་འབྲོག་སྡེ་ཁག་གི་འགྱུར་ལྡོག་གི་ཆ་ཅུང་ཙམ་ཞིག་གཤམ་གྱི་ཕྱོགས་འགའ་ནས་ཞུ་བར་བྱེད།

དང་པོ། ལྕགས་ར་དང་རྩྭ་ཐང་གི་ཚེ་སྲོག་གཞན་དག


དཔྱད་གཞིའི་ལུང་ཁུངས།

1 ཌ་ནེའོ་མཱེ་ལར་(Daniel J. Miller) ཡི་ “Nomads of the Tibetan Plateau Rangelands in Western China Part Two: Pastoral Production Practices”, སྤྱི་ལོ་༡༩༩༩ ལོའི་ཟླ་༢ པར་Rangelands ༼འབྲོག་ས༽ཞེས་པའི་དུས་དེབ་ཀྱི་གླེགས་བམ་༢༡ པའི་ཤོག་ངོས་ ༡༦ ནས་༡༩ བར་གསལ། Allen Press དང་ Society for Range Management གཉིས་ཀྱིས་པར་དུ་བསྐྲུན་ཞིང་༢༠༡༤ལོའི་ཟླ་༥ ཚེས་༡༤་ཉིན་Jstorལས་མཁོ་སྤྲོད་བྱས།

2 ཨཱན་ཌི་རོ་མཱར་ཊིན་ཧྥེ་ཧྲིར་གྱིས་བརྩམས་ཤིང་ཨ་རིའི་ Lexington Books དཔེ་ཁང་གིས་སྤྱི་ལོ་༢༠༡༤ ལོར་དཔར་བའི་ཕྱག་དེབ་དབྱིན་བྲིས་མ།

3 སྤྱི་ལོ་༢༠༠༩ ལོར་བསྒྲིགས་པའི་རྒྱ་ཡིག་ཆེད་དེབ་ ༼ཨ་མདོའི་འབྲོག་ཁུལ་གྱི་སྤྱི་ཚོགས་རིག་གནས་འགྱུར་ལྡོག་ཞིབ་འཇུག༽《安多藏族牧区社会文化变迁研究》ཀྲུང་དབྱང་མི་རིགས་སློབ་ཆེན་དཔེ་སྐྲུན་ཁང་གིས་དཔར།

4 ༼ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས།༽ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་༡༩༩༢ ལོའི་ཟླ་༤ བར་པར་དུ་བསྐྲུན་པའི་ཤོག་ངོས་༩༨ ནས་༢༡༣ བར་གསལ།

5 བཀྲ་ཤིས་ཚེ་རིང་སོགས་ཀྱིས་བསྒྲིགས། སྤྱི་ལོ་༢༠༠༨ ལོའི་ཟླ་༥བར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།

◄ མདུན།  རྒྱབ། ►