༄༅།།རྩྭ་སའི་ལྕགས་ར་ཡིས་སྐྱེ་ཁམས་ཁོར་ཡུག་དང་རིག་གནས་ལ་ཐེབས་པའི་ཤུགས་རྐྱེན་སྐོར་གླེང་བ།

རྩོམ་པ་བོ།
བུན་ཁྲང་རྒྱལ།


དང་པོ། ལྕགས་ར་དང་རྩྭ་ཐང་གི་ཚེ་སྲོག་གཞན་དག

གཅིག ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ནི་འབྲོག་པའི་སྡོད་ཡུལ་དང་ཕྱུགས་ལས་གཉེར་བའི་གཞི་མ་ཁོ་ནར་ངོས་བཟུང་ན་ནི་ང་ཚོ་མིའི་རིགས་ཀྱི་སྒེར་གཅོད་བསམ་ཚུལ་འབའ་ཞིག་ལས་མ་འདས་ཏེ། དེ་ནི་མི་དང་ང་ཚོའི་སྒོ་ཕྱུགས་ཙམ་མ་ཟད། ད་དུང་འགྲོ་བ་གཞན་དག་གིས་འཚོ་རྟེན་འཆའ་བའི་ཡུལ་ཡང་ཡིན་པས་སོ། ཡིན་ནའང་ང་ཚོའི་ཕྱུགས་ལས་ཀྱི་རྩྭ་སར་བསྐོར་བའི་ལྕགས་ར་ལ་ད་ཕན་སྤྱོད་སྒོ་གཉིས་ཏེ། གཅིག་ནི་རང་གི་སྒོ་ཕྱུགས་ལ་འདང་ཚད་ཀྱི་རྩྭར་དམིགས་ནས་བསྐོར་ཞིང་འཚོ་རྟེན་གྱི་རྒྱུ་ཙམ་ཡིན།

ཡང་ཅིག་ཤོས་ནི་རྩྭ་ས་སྲུང་སྐྱོབ་ཀྱི་ཆེད་དུ་བསྐོར་བ་ཡིན་ཡང་ང་ཚོས་ཐོག་མར་བསམ་པ་ནི་མི་རང་གི་ཁེ་དབང་དང་བསམ་འདུན་གཞིར་བཟུང་ཡོད་པ་ལས་རྩྭ་ཐང་གི་ཚེ་སྲོག་གཞན་དག་གི་བདེ་སྡུག་དང་སྐྱེ་ཁམས་མ་ལག་གི་གྲུབ་ཆ་ལ་དོ་སྣང་བྱས་པ་འདང་མེད་དེ། དཔེར་ན། ང་ཚོས་ནམ་རྒྱུན་རྩྭ་སའི་ལྕགས་རའི་རྒྱུད་དུ་བྱ་རིགས་ཆེ་ཆུང་སྣ་ཚོགས་ཤི་ཡོད་པ་མཐོང་ཐུབ་སྟེ། འདབ་ཆགས་ཀྱི་རིགས་དེ་དག་ནི་གནམ་ལ་འཕུར་སྐབས་མཉམ་མ་བཞག་པའམ་ཡང་ན་མཚན་དུས་འཕུར་བའི་སྐབས་སུ་ལྕགས་སྐུད་ཕྲ་མོ་དེ་དག་མ་མཐོང་བའི་རྐྱེན་གྱིས་དེའི་ནང་ལ་དཀྲིས་ནས་ཤི་བཞིན་པ་མིག་མཐོང་ལག་ཟིན་རེད། ཡང་ང་ཚོས་ལྕགས་ར་བསྐོར་དུས་གཞུང་ཀའི་ཤིང་དུམ་འཛུགས་སར་བྲུས་པའི་ས་དོང་ཆེ་ཆུང་གང་རུང་རང་དགར་བཞག་ཐོག་སྲོག་ཆགས་ཆུང་ངུའི་རིགས་དག་དེར་ལྷུང་ནས་ཤི་བའང་བྱམས་དང་སྙིང་རྗེ་གཙོ་བོར་བྱེད་ཅིང་འགྲོ་ཀུན་འདྲ་མཉམ་དུ་ལྟ་བའི་བོད་བརྒྱུད་བསྟན་པའི་དགོངས་དོན་གྱིས་ཁྱད་གསོད་བྱེད་མི་ཐུབ་1 ལ། སྐྱེ་ཁམས་དོ་མཉམ་དགོས་པའི་ཆོས་ཉིད་དང་ཡང་ག་ལ་མཐུན་ཏེ་མདོར་ན་རྩྭ་ཐང་ནི་ཚེ་སྲོག་དུ་མའི་འདུས་བྱས་ཤིག་ཡིན་པའི་དེ་ཉིད་རྟོགས་དགོས་པ་ཤིན་ཏུ་ནས་ཀྱང་གལ་ཆེ་སྙམ།

གཉིས། ང་ཚོས་ཤེས་གསལ་ལྟར་རྩྭ་སར་བསྐོར་བའི་ལྕགས་ར་ནི་གོང་དུ་སྨྲས་པའི་ཚེ་སྲོག་དེ་དག་གི་གཤེད་མར་གྱུར་བ་ལས་གཞན་ད་དུང་རི་སྐྱེས་སྲོག་ཆགས་གཞན་དག་གི་ཚེ་སྲོག་ལ་གནོད་པའི་རྒྱུ་རུ་གྱུར་ཡོད་དེ། དཔེར་ན། ང་ཚོས་ཉེ་སྔོན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནས་ཁོར་ཡུག་ཐད་ཀྱི་ལས་སྣ་བས་རི་དྭགས་སྲུང་སྐྱོབ་ལ་བསྒྲགས་པའི་སྐད་འབོད་ལས་ཤེས་པ་ནི་རྩྭ་ཐང་གི་རི་དྭགས་དགོ་བ་སོགས་ལྕགས་སྐུད་ནང་དུ་དཀྲིས་ནས་ཤི་ཡོད་པ་མཐོང་ཐུབ།

གཞན་ཡང་ཐ་ན་སྐབས་སྐབས་སུ་མ་མཐོང་བའམ་མཉམ་མ་བཞག་སྟབས་མི་ཡང་འཕྲུལ་རྟ་བཅས་པ་ལྕགས་སྐུད་དུ་དཀྲིས་ནས་ཤི་བའི་གནས་ཚུལ་ཡང་ཐོན་གྱིན་ཡོད་ཀྱང་། གནད་དོན་འདི་ལྟ་བུའི་མཇུག་འབྲས་ནི་རྒྱུན་པར་མི་སྒེར་རང་ཉིད་ལ་ཁག་འགེལ་བའམ་རང་ཉིད་ནས་གདོང་ལེན་བྱེད་དགོས་པར་འཕྲད་འདུག་པ་ལས་བཅོས་ཐབས་གཞན་མེད་པ་ལྟར་གནས་ཡོད།

གསུམ། ཉེ་སྔོན་འབྲོག་ཁུལ་དུ་ཝ་དང་། སྤྱང་ཀི། གསའ་སོགས་རྩྭ་ས་དང་ཕྱུགས་རའི་ཉེ་འདབས་སུ་སླེབས་ནས་མི་ཕྱུགས་གཉིས་ལ་འཇབ་རྒོལ་ཐེབས་ཚུལ་ཐོས་རྒྱུ་བྱུང་། དེ་ལའང་སྤྱིར་གཅན་གཟན་དེའི་རིགས་ཀྱིས་འབྲོག་པའི་ཕྱུགས་ལ་རྒོལ་བ་ནི་སྔར་ནས་བྱུང་མ་མྱོང་བ་ཞིག་མ་ཡིན་ཏེ། ཡིན་ཡང་དེང་གི་སྐབས་འདིར་གཅན་གཟན་གྱི་རིགས་འདི་དག་བལྟས་ཚོད་ཀྱིས་འཇིགས་སྣང་དེ་ཙམ་མེད་པར་མི་དང་སྒོ་ཕྱུགས་ལ་གནོད་འཚེ་རྒྱུན་ཆད་མེད་པར་གཏོང་བ་ནི། གཅིག་ན་རྩྭ་སར་ལྕགས་ར་བསྐོར་ཏེ་རི་སྐྱེས་སྲོག་ཆགས་རང་དགར་རྒྱུ་བའི་འགྲོ་ལམ་བཀག་ཟིན་པས། གཅན་གཟན་རྣམས་ནི་གང་སར་ཁ་ཟས་འཚོལ་བར་ཚད་བཀག་ཐེབས་ཤིང་ལྟོགས་ཀྱིས་མནར་ནས་སྒོ་ཕྱུགས་ལ་འཇབ་རྒོལ་མི་བྱེད་རང་བྱེད་དུ་གྱུར་བ་རེད། གཉིས་ན་མི་རྣམས་ཀྱིས་དེང་གི་སྨན་རྫས་བེད་སྤྱད་དེ་སྲོག་ཆགས་བྲ་ཡི་རིགས་སོགས་རྩ་མེད་གཏོང་བའི་བྱེད་སྒོ་སྤེལ་དྲགས་པ་རེད། དཔེར་ན། ཝ་ཡི་ཁ་ཟས་གཙོ་བོ་བྲ་རྣམས་སྨན་རྫས་ཀྱིས་བསད་ནས་ཁ་གྲངས་ཉུང་དུ་ཆགས་པས། ཝ་ཡིས་སྒོ་ཕྱུགས་ལུ་གུ་མི་ཟ་ཐབས་མེད་བྱུང་བའི་གནས་སུ་གྱུར་ཡོད་པ་ལྟ་བུ་ནི་མི་ཡིས་དང་ཐོག་གི་སྐྱེ་ཁམས་མ་ལག་དེ་གཅིག་ལ་གཅིག་རྟེན་ཡིན་པའི་ཆོས་ཉིད་ལ་དོ་སྣང་མེད་པའི་མཇུག་འབྲས་སུ་བྱུང་བ་ཞིག་རེད་དོ།།

གཉིས་པ་། ལྕགས་ར་དང་འབྲོག་པའི་བརྡ་ཆད།

དཔྱད་གཞིའི་ལུང་ཁུངས།

1 རཱོ་བྷིར་ཁྲི་ཨེ་ཁི་ཧྥོ (Rovert B. Ekvall) ཡི་དེབ་Fields on the Hoof: Nexus of Tibetan nomadic pastoralism ཡི་ཤོག་ངོས་༨༠ ནས་༨༣ བར་གསལ། ཨ་རིའི་ Waveland Press པར་སྐྲུན་ཁང་གིས་སྤྱི་ལོ་ ༡༩༦༨ ལོར་པར་ཐེངས་དང་པོ་དཔར།