༄༅།།སྐྱེ་ཁམས་ཁོར་ཡུག་རིག་པ་དང་། མིའི་རིགས་ཀྱི་ཀུན་སྤྱོད། ནང་པའི་རྒྱུ་འབྲས་རྟེན་འབྱུང་གི་ལྟ་བ།

རྩོམ་པ་བོ།
གོང་དཀར་ངག་རྣམ།

༡ བོད་པ་ཞིག་གིས་སའི་གོ་ལའི་སྐྱེ་ཁམས་ཁོར་ཡུག་ལ་ཐོག་མའི་ལྟ་སྟངས།
༢ བཟོ་ལས་གསར་བརྗེ་དང་།  སྐྱེ་ཁམས་ཁོར་ཡུག་གི་བརྟན་གནས།
༣ ནང་བསྟན་མཚན་ཉིད་རིག་པའི་རྟེན་འབྱུང་གི་རིག་པས་སྐྱེ་ཁམས་ཁོར་ཡུག་གི་བརྟན་གནས་ལ་ཞབས་འདེགས་ཇི་ལྟར་ཞུ་ཐབས་རགས་ཙམ་གླེང་བ།


༡ བོད་པ་ཞིག་གིས་སའི་གོ་ལའི་སྐྱེ་ཁམས་ཁོར་ཡུག་ལ་ཐོག་མའི་ལྟ་སྟངས།

ཇི་སྐད་དུ།  
གསང་སྔགས་རྒྱུད་སྨན་རྩིས་གཞུང་སོགས་ལས། །
ཕྱི་ཡི་སྣོད་དང་སྐྱེ་བོའི་ནང་གི་ཁམས། །
ཕན་ཚུན་ཟུང་དུ་འབྲེལ་བའི་རྟེན་འབྲེལ་གཤིས། །
གསུངས་པའི་བདེན་དོན་དེང་སྐབས་མྱོང་བས་གྲུབ། །

ཅེས་ལོ་ངོ་ཉིས་སྟོང་ལྔ་བརྒྱའི་སྔོན་དུ་རྒྱ་གར་ནང་བྱོན་པའི་སངས་རྒྱས་ཤཱཀྱ་ཐུབ་པས་འདི་ལྟར་སྣོད་བཅུད་གཉིས་ཕན་ཚུན་ལྟོས་གྲུབ་ཏུ་གཟིགས་པའི་ངང་ཚུལ་ལམ་དངོས་པོའི་གཤིས་ལུགས་འདིས་ད་ལྟ་མི་རྣམས་ལ་དྲན་སྐུལ་ཞིག་གཏོང་བཞིན་ཡོད་པ་ནི། ཆོས་ཉིད་ཀྱི་སྟོབས་ལས་གྲུབ་པའི་སྣོད་བཅུད་གཉིས་དབར་གྱི་འབྲེལ་བར་གོ་རྟོགས་ཟབ་མོ་ཞིག་སྐྱེད་རྒྱུ་དེ་ཡིན། ཤཱཀྱ་ཐུབ་པའི་རྟེན་འབྱུང་གི་ལྟ་གྲུབ་འདི་ནི་ནང་བསྟན་མཚན་ཉིད་རིག་པའི་རྨང་གཞི་ཀ་བ་ལྟ་བུར་གྱུར་ཡོད།
སྤྱིར་ནང་པའི་གཞུང་ནས་གསུངས་པའི་རྟེན་འབྱུང་གི་རྣམ་གཞག་འདིར་གཞི་རྩའི་ཆ་ནས་ཕྲ་རགས་ཀྱི་རིམ་པ་གསུམ་ཙམ་གསུང་ཡོད་ཀྱང་། ནང་པའི་གྲུབ་མཐའ་སྨྲ་ཀུན་གྱིས་རྩོད་མེད་ཡོངས་གྲགས་ཏུ་བཞེད་རྒྱུའི་རྟེན་འབྱུང་ནི་རྒྱུ་འབྲས་ཀྱི་རྟེན་འབྱུང་ཞེས་པ་འདི་ཉིད་ཡིན་པ་དང་། འདིའི་ཐོག་ནས་ད་ལྟའི་འཛམ་གླིང་ཐོག་གི་སྣོད་བཅུད་གཉིས་ཀའི་སྐོར་བཤད་ན་འོས་ཤིང་འཚམ་པར་མཐོང་།

ཆོས་ཚུལ་འདི་བཞིན་ད་ལྟ་འཛམ་གླིང་ཐོག་མངོན་སུམ་གྱི་མྱོང་བ་དང་གཏན་ཚིགས་རིག་པའི་རྒྱབ་རྟེན་ཕུན་སུམ་ཚོགས་པོ་ཞིག་ཡོད་མེད་ལ་མ་ལྟོས་པར་ལྟ་གྲུབ་ཀྱི་རྣམ་གཞག་ཡོད་པའི་ཆོས་ལུགས་དག་ལས་ཁྱད་པར་འབྱེད་ཆོས་ཀྱང་རྟེན་འབྱུང་གི་ལྟ་བ་འདི་ཉིད་ཁོ་ན་ཡིན། རྒྱུ་མཚན་དེའི་ཕྱིར་མགོན་པོ་ཀླུ་སྒྲུབ་ནས་བཟུང་སྟེ་ད་བར་གྱི་འཕགས་བོད་ཀྱི་སྐྱེས་བུ་ཆེན་པོ་དག་གིས་སྟོན་པས་ཐབས་ཀྱི་ཚུལ་དང་རིགས་པའི་རྣམ་གཞག་བརྒྱ་ཕྲག་གི་སྒོ་ནས་རྟེན་འབྱུང་གི་ངང་ཚུལ་ཞིབ་པར་གསུངས་པ་འདིར་བསྟོད་ཕྱག་རབ་དང་རིམ་པ་མཛད་པ་འདི་རེད། དཔེར་ན། སློབ་དཔོན་འཕགས་པ་ལྷས། རྟེན་ཅིང་འབྲེལ་བར་འབྱུང་བ་གང་།། མཐོང་ན་གཏི་མུག་འབྱུང་མི་འགྱུར།། ཞེས་དང་། རྗེ་བློ་བཟང་གྲགས་པས། ཚུལ་འདིས་ཁྱོད་ལ་བསྟོད་ན་ནི།། བསྟོད་པར་འགྱུར་གྱི་གཞན་དུ་མིན།། ཞེས་གསུངས་པ་ལྟ་བུ་རེད།  རང་རེ་བོད་པ་རྣམས་ལ་ནི་དུས་བཞིའི་གནམ་གཤིས་ཀྱི་འགྱུར་ལྡོག་དང་། རང་བྱུང་ཁམས་ཀྱི་ནུས་པའི་འབྱུང་ཁུངས་ལ་བག་མེད་ལོངས་སྤྱོད་བྱེད་རྒྱུའི་ལྟ་ཚུལ་དང་། ཚན་རིག འཕྲུལ་ཆས་བཅས་མེད་པའི་དབང་ལས་ད་ལྟའི་ས་གོ་ལའི་སྟེང་གི་སྐྱེ་ཁམས་ཁོར་ཡུག་གི་སྒོ་ཀུན་ཏུ་ཛ་དྲག་གི་འཇིགས་སྣང་སླེབ་བཞིན་པའི་སྣང་ཚུལ་འདི་ནི་གཏམ་གསར་པ་ཞིག་ཏུ་གྱུར་ཡོད།
དཔེ་མཚོན་ཙམ་ཞུས་ན། ༸གོང་ས་མཆོག་གིས། ༡༩༩༤ལོར་ཁོར་ཡུག་དང་། བོད་མིའི་རྩ་དོན་ཞེས་པའི་བརྗོད་གཞིའི་ཐོག་ “བོད་མི་ཚོར་ཁོར་ཡུག་ལ་དོ་སྣང་དང་། སྲུང་སྐྱོབ་བྱེད་དགོས་སྐོར་ཤོད་སྐབས། ང་རང་ཚོ་སྣང་མེད་གཏམ་གསར་ལྟ་བུ་ཞིག་ཆགས་པ་ནི། ང་ཚོ་བོད་ལ་རྩྭ་དང་། ཤིང་ཆུ་སོགས་རང་བཞིན་དཀོན་པོ་མེད་པའི་ཐོག་ཁོར་ཡུག་གཙང་ཞིང་དཀའ་ངལ་འཕྲད་མེད་པའི་རྐྱེན་གྱིས་རེད།” ཅེས་གསུངས་པ་ལྟ་བུ་རེད། སྤྱི་ལོའི་དུས་རབས་བདུན་པ་ཙམ་ནས་བོད་འདིར་རྟེན་འབྱུང་གི་རྣམ་གཞག་རྩལ་དུ་ཐོན་པའི་ཆོས་ཚུལ་འདི་དར་བའི་ཉེར་ལེན་ལས་བོད་པའི་རྒྱུན་གཏན་གྱི་འཚོ་བའི་ཁྲོད་རྟེན་འབྱུང་གི་ལྟ་ཚུལ་དང་འདུ་ཤེས་ཀྱི་ཤུགས་ཆེན་ཞིག་ཐེབས་ཡོད་པ་གསལ་པོ་རེད།  

འོན་ཏེ། བོད་པའི་ལྟ་སྤྱོད་ཡོད་དོ་ཅོག་གི་ནང་དུ་ནང་དོན་རིག་པའི་ཤན་ཤུགས་ཐེབས་ཡོད་ཅེས་བརྗོད་པའང་འགྲིག་གི་མེད་པར་བོད་ཀྱི་ཐུན་མོང་མིན་པའི་ཕྱི་རང་བྱུང་གི་བཀོད་པ་ཉིད་ཀྱི་ཐོག་ནས་བོད་མིའི་རང་བྱུང་ཁམས་ལ་བཅངས་པའི་འདུ་ཤེས་ལའང་ཁྱད་པར་ཡོད། ལྷག་པར་དུ་རྒྱུ་འབྲས་རྟེན་འབྱུང་གི་རྩལ་ལས་བྱུང་བའི་ལས་འབྲས་ཀྱི་ལྟ་བ་ནི་མཐོ་སྒང་གི་མི་རིགས་འདིའི་འཚོ་བའི་གྲུབ་ཆར་གལ་ཆེའི་རང་བཞིན་དུ་གྱུར་ཡོད།  རྟེན་འབྱུང་གི་ངང་ཚུལ་འདི་ནི་སྐྱེ་བོ་བྱེ་བྲག་པ་ཞིག་གི་སྣང་ཚུལ་ཙམ་དང་རིགས་པས་མ་དག་པའི་གཞུང་ལུགས་ཙམ་མིན་པར་འདི་ལ་ནི་ཆོས་ཉིད་ཀྱི་རིགས་པའི་དན་རྟགས་བརྟག་ཐུབ་འཕེར་བ་ཞིག་ཡིན།

གོང་དུ་བཤད་པ་ལྟར་ལྔ་བཅུ་ང་དགུ་ཕན་ཆད་བོད་དུ་ཁོར་ཡུག་གི་ཉེན་ཁའི་རང་བཞིན་དེ་འདྲ་གང་ཡང་མེད་པས། རྟེན་འབྱུང་གི་ལྟ་ཚུལ་འདི་ཡང་སྐྱེ་ཁམས་ཁོར་ཡུག་གི་རིག་པའི་ནང་ཡར་རྒྱས་གང་ཡང་སོང་མེད་ལ། དེ་ཕན་ཆད་བོད་ཀྱི་དཔལ་འབྱོར་ལམ་ལུགས་ཀྱང་མཁས་དབང་ཟམ་གདོང་རིན་པོ་ཆེས་འབྱུང་འགྱུར་བོད་ཀྱི་དཔལ་འབྱོར་ལམ་ལུགས་ཀྱི་གཞི་རྩའི་ལྟ་བ་སྟེ། འཚེ་བ་མེད་པ་དང་། རང་འཚོ་ཐུབ་པ། ཡང་དག་པའི་འཚོ་བ། རང་བྱུང་ཁམས་ལ་མི་གནོད་པ་བཅས་སུ་བསྐྱོད་ཡོད་སྙམ། ལྷག་པར་དུ་རང་རེའི་བོད་དུ་སྔར་ནས་ཁོར་ཡུག་གཅེས་སྲུང་གི་རྩ་ཁྲིམས་སོགས་ཡོད་པ་སྟེ། རི་ཀླུང་རྩ་ཚིག་ཅེས་པ་དེ་ཡིན།

དེ་ཡང་བཀའ་ཤག་ནས་རྫོང་གཞིས་ཁག་ལ་སྤྱང་ཀི་དང་བྱི་བ་ཕུད་དེ་བྱིངས་སྐལ་གཤེར་ལ་གནས་པའི་སྲོག་ཆགས་ཆེ་ཕྲ་ཅི་ལའང་གནོད་འཚེ་སྤོང་དགོས་པའི་རྩ་ཚིག་བསྒྲགས་ནས་རི་རྒྱ་ཀླུང་རྒྱ་སྡོམ་སྲོལ་ཡོད་པ་དེ་ཡིན། བཟོ་གྲྭ་དང་འཕྲུལ་ཆས་ཤུགས་ཆེ་མ་དར་སྔོན་གྱི་མཐོ་སྒང་གི་བོད་དེར་ལྔ་བཅུའི་ང་དགུའི་དུས་ལོག་གི་ཡར་སྔོན་དུ་ད་ལྟའི་གོ་ལའི་ཐོག་གི་ཡ་ང་ཞིང་ཡིད་སྐྱོ་དགོས་པའི་རང་བྱུང་ཁམས་དང་འབྲེལ་བའི་གོད་ཆག་དེ་ཚོའི་མིང་ཙམ་ཡང་གོ་རྒྱུ་མེད།

ད་ལྟ་ཡིད་དུ་འོང་བའི་འཛམ་གླིང་གི་མཐོ་སྒང་དེ་ཡང་ག་ལེར་ཉེན་ཁར་ལྷུང་བཞིན་ཡོད་པས། རང་རེ་བོད་པ་རྣམས་ཀྱིས་ཀྱང་གཅིག་ལ་གཅིག་རྟེན་གྱི་དངོས་པོའི་གཤིས་ལུགས་སམ་རླབས་ཆེ་བའི་འཕོ་འགྱུར་ཁྲོད་ཇེ་ཆུང་དུ་འགྲོ་བཞིན་པའི་སྣང་ཚུལ་ལ་བསམ་གཞིག་བྱེད་རྒྱུ་དེ་ནི་དུས་དང་མཐུན་པའི་འགུལ་སྐྱོད་ཅིག་ཏུ་མཐོང་བཞིན་ཡོད། རྒྱུ་མཚན་གཅིག་ནི་འགྲོ་བ་མིའི་རིགས་ཡོད་དོ་ཅོག་ཐུན་མོང་གིས་ལོངས་སྤྱད་བྱར་གྱུར་པའི་བདག་འབྲས་ཀྱི་སྣོད་ཀྱི་འབྱུང་ཁམས་བརྟན་གནས་ལ་གཏོར་སྐྱོན་བྱུང་བའི་ངན་འབྲས་ཚང་མས་མྱོང་དགོས་པའི་ལྡོག་མེད་ཀྱི་ཆོས་ཉིད་འདི་དང་ལེན་བྱེད་དགོས་པས་ཡིན། འོན་ཏེ། རྒྱུ་འབྲས་རྟེན་འབྱུང་གི་ལྟ་བ་འདི་ནི།  རིགས་པའི་བརྡར་ཤ་དང་མྱོང་བ་ལ་གཏུག་ཆོག་པའི་བདེན་དོན་འབའ་ཞིག་ཡིན་པས་མ་འོངས་པའི་གོ་ལའི་ཁོར་ཡུག་གཅེས་སྲུང་དང་བརྟན་གནས་ཀྱི་བརྒྱུད་རིམ་ནང་ལྟ་ཚུལ་འདིས་གོ་བབ་ངེས་ཅན་ཞིག་གཟུང་ཐུབ་རྒྱུར་ཐེ་ཚོམ་གཏན་ནས་མེད། དེའི་རྒྱུ་མཚན་མཐར་ཐུག་ནི། མ་རིག་པ་ལས་སྡུག་བསྔལ་འབྱུང་།། ཞེས་གསུངས་པ་ལྟར་ཆོས་དང་འཇིག་རྟེན་གང་གི་སྐབས་སུ་དོན་དམ་པའམ་རླབས་ཆེ་བའི་འཕེལ་རྒྱས་ཀྱི་འགོག་རྐྱེན་གཙོ་བོ་ནི། ནང་བསྟན་མཚན་ཉིད་རིག་པའི་གཞུང་ནས་གསུངས་པའི་མ་རིག་པ་ཞེས་པ་འདི་ཡིན་པས་སོ།།

ད་བར་གོ་ལའི་ཐོག་སྣོད་བཅུད་གཉིས་དབར་ཆོས་ཉིད་ཀྱི་རིགས་པ་ལས་གྲུབ་པའི་ལྟོས་གྲུབ་ཀྱི་ངོ་བོ་གསུབ་ཏུ་མེད་པ་ཞིག་ཡོད་པ་དེ་ཉིད་ལ་ད་བར་གོ་རྟོགས་མཐིལ་ཕྱིན་པ་ཞིག་མ་རྙེད་པའི་དབང་གིས་མིས་གཙོས་པའི་སེམས་ཅན་གྲངས་མེད་པའི་དུ་མའི་འཚོ་གནས་ཀྱི་གཞི་རྟེན་གཅིག་པུར་གྱུར་པའི་རང་བྱུང་ཁོར་ཡུག་མ་ལག་དང་བཅས་པར་གསབ་པར་དཀའ་བའི་གནོད་སྐྱོན་དང་གཏོར་བཤིག་ཚབས་ཆེན་འདི་འདྲ་ཞིག་འཕོག་གིན་ཡོད།

འཛམ་གླིང་ཐོག་རྒྱལ་ཁབ་དང་ཚོགས་པ་ཁག་གིས་ཁོར་ཡུག་གཅེས་སྐྱོང་གི་ལས་འགུལ་དང་བྱེད་ཐབས་ཀྱི་ནང་བཟོ་ལས་ཡར་རྒྱས་ལ་ཚོད་འཛིན་བྱེད་དགོས་རྒྱུའི་ལྟ་ཚུལ་བརྗོད་མུས་ཡིན་པའི་རྒྱུ་མཚན་འདི་ཡང་སྣོད་བཅུད་གཉིས་དབར་གྱི་གལ་ཆེའི་རྟེན་འབྱུང་གི་ངང་ཚུལ་རགས་པ་ཙམ་གསལ་བར་མཐོང་བ་འདིའི་རྗེས་སུ་ཞུགས་པ་ལྟ་བུར་མཐོང་།  གནད་དོན་དབྱེ་ཞིབ་པ་ལ་ལས་འབྱུང་འགྱུར་གྱི་དུས་ཚོད་ནང་རྒྱལ་ཁབ་ཕན་ཚུན་དབར་རང་བྱུང་ཁམས་ཀྱི་ནུས་པའི་འབྱུང་ཁུངས་ལ་ཧབ་ཐོབ་རྒྱག་རྒྱུའི་རྡུལ་ཕྲན་མཚོན་ཆའི་འཇིགས་སྣང་ཞིག་སྟེ། མདོར་ན་རང་བྱུང་ཁོར་ཡུག་གི་འཐབ་རྩོད་རྣོ་ངར་ཅན་ཞིག་འོང་རྒྱུར་ཚོད་དཔག་བྱེད་པར་རྒྱུ་མཚན་མེད་པ་ག་ལ་ཡིན།

དཔེ་མཚོན་གཅིག་ནི། ཉི་ཧོང་དང་རྒྱ་ནག་ཡུལ་གྲུ་གཉིས་དབར་གྱི་མཚོ་གླིང་བདག་དབང་ཐད་ཀྱི་རྙོག་དྲ་ཞིག་འབྱུང་བཞིན་པ་འདི་ལྟ་བུ་རེད། རྒྱ་ནག་གིས་བོད་ཀྱི་དངོས་ཡོད་ལོ་རྒྱུས་ཤེས་བཞིན་དུ་བོད་བཙན་བཟུང་བྱེད་བཞིན་པ་འདིའི་རྒྱབ་ལྗོངས་ཀྱང་བོད་ས་མཐོའི་རང་བྱུང་ཁམས་ཀྱི་ནུས་པའི་འབྱུང་ཁུངས་དེ་ཆགས་ཡོད། འདས་མ་ཐག་པའི་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ནི་མིའི་ཪིགས་ཀྱི་ཆབ་སྲིད་ཀྱི་དམག་འཐབ་ཅིག་ཡིན། འོན་ཏེ། ད་ཆ་གོ་ལའི་སྟེང་དུ་སྐྱེ་ཁམས་ཁོར་ཡུག་གི་བརྟན་གནས་(Ecological balance [སྐྱེ་ཁམས་དོ་མཉམ་])ལ་གཏོར་བཤིག་ཤིན་ཏུ་མི་བཟད་པ་དུ་མ་ཞིག་འཕོག་བཞིན་ཡོད་པ་དང་། དེ་དག་མང་པོ་ཞིག་ནི་མིའི་སྤྱི་ཚོགས་ཁྱོན་ཡོངས་སུ་དུས་རབས་ཀྱི་རྣམ་པ་གསར་པ་དང་ཡར་རྒྱས་ཀྱི་འདུ་ཤེས་ཐོག་ནས་ཡོང་ཡོད། དཔེར་ན། གྲོང་ཁྱེར་དང་དེ་ནས་གྲོང་གསེབ་ཁག་ཏུ་རླངས་འཁོར་དང་བཟོ་གྲྭས་ཁེངས་ཤིང་། དེ་དག་གིས་གློད་པའི་དུག་རླངས་ཀྱིས་ཆུ་དང་མཁའ་རླུང་བཙོག་པ་བཟོ་བ། དེ་ལ་བརྟེན་ནས་གནམ་གཤིས་ཀྱི་དྲོད་ཚད་ལ་ཐོད་རྒལ་གྱི་འགྱུར་བ་སོང་ནས་གངས་འཁྱགས་ཀྱི་བཞུར་ཚད་མྱུར་དུ་འགྲོ་བ། ཆུ་ལོག  གངས་སྐྱོན། ཐན་པ་སོགས་རང་བྱུང་གི་གནོད་འཚེ་ཚབས་ཆེན་ཡོང་བཞིན་པ་ཡིན་པས་ཁོར་ཡུག་གི་གནད་དོན་ནི་མཚན་ཉིད་རིག་པའི་རྣམ་གཞག་བཞིན་ཧོབ་སྟེ་ཚོར་སྣང་སླེབ་རྒྱུ་ཞིག་ལས་བསམ་གཞིག་དུ་མ་བྱས་པའི་མཐར་རྟོགས་དགོས་རྒྱུའི་གནད་དོན་རླིངས་པོ་ཞིག་མིན།

དེ་ནི་ཆབ་སྲིད་དང་། དཔལ་འབྱོར། ལྟ་གྲུབ་བམ་མཚན་ཉིད་རིག་པ་ལས་འདས་ཤིང་ཚང་མར་མཐོང་ཆོས་སུ་གྱུར་པའི་ཛ་དྲག་གི་གནད་དོན་ཞིག་ཆགས་ཡོད་པ་དེ་གསལ་པོ་རེད། ཁོ་བོས་གོང་དུ་བཤད་པའི་རང་བྱུང་གནོད་འཚེ་དག་ནི་བཟོ་ལས་གསར་བརྗེའི་རྗེས་ཀྱི་གནས་ཚུལ་ཆགས་ཡོད་པས། སྐྱེ་ཁམས་ཁོར་ཡུག་གི་བརྟན་གནས་རང་བཞིན་ལ་དཔྱད་པ་མ་བྱས་གོང་བཟོ་ལས་གསར་བརྗེའི་སྐོར་ཤེས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།

༢ བཟོ་ལས་གསར་བརྗེ་དང་།  སྐྱེ་ཁམས་ཁོར་ཡུག་གི་བརྟན་གནས།

◄མདུན།  རྒྱབ། ►