༄༅།།ཁོར་ཡུག་ཉམས་རྒུད་ཀྱི་གནད་དོན་གླེང་བ།

རྩོམ་པ་བོ།
འཇིགས་མེད་བློ་གྲོས།


༢། ཁོར་ཡུག་ཉམས་རྒུད་ཀྱི་རྒྱུ་རྐྱེན།


འགྲོ་བ་མི་རྣམས་རང་བྱུང་ཁམས་ལས་རྣམ་པར་རྒྱལ་དགོས།23
འཇིག་རྟེན་སྤྱིའི་གནམ་གཤིས་འགྱུར་ལྡོག་གམ་འབྱུང་འཁྲུགས་ཀྱི་རྒྱུ་རྐྱེན་གླེང་སྐབས་ལོ་ངོ་སྟོང་ཕྲག་དུ་མའི་སྔ་རོལ་གྱི་མིའི་ཀུན་སྤྱོད་འཁྱེར་སོ་དང་རིག་གནས་ཀྱི་ཁ་ཕྱོགས་སོགས་ལ་ཕྱིར་དྲན་བྱེད་དགོས་པ་ཡིན་ཏེ། རྒྱུ་འབྲས་རྟེན་འབྲེལ་གྱི་རྣམ་གཞག་ནང་རྒྱུ་དང་འབྲས་བུའི་དབར་གྱི་རྒྱང་ཐག་དེར་མིའི་བསམ་ཚོད་ལས་འདས་པའི་ཡུལ་དུས་ཀྱིས་ཆོད་པའི་གནས་སྐབས་སྲིད་པས་ཡིན། ད་དུས་ང་ཚོས་ཆེས་འཇིགས་སྐྲག་ཏུ་བརྩི་བའི་འབྱུང་འཁྲུགས་ཀྱི་གཞི་རྩའི་སློང་རྐྱེན་ཁག་མ་མཐའ་ལོ་ངོ་སྟོང་ཕྲག་བདུན་ཙམ་གྱི་སྔ་རོལ་ནས་གསོག་མགོ་བརྩམས་པར་དེང་རབས་པས་གླེང་བཞིན་ཡོད་དེ། ཊེ་ལར་མི་ལར་གྱིས། རིམ་བཞིན་སོ་ནམ་ལམ་ལུགས་དར་འཕེལ་བྱུང་སྟེ་འཛམ་གླིང་གི་མིའི་རིགས་ཕལ་ཆེར་རྔོན་རྒྱག་ཚོ་པའི་རང་བྱུང་འཚོ་གནས་ཀྱི་ལམ་སྲོལ་དོར་ནས་ཞིང་པ་དང་འབྲོག་པ། གྲོང་ཁྱེར་ཅན་དུ་གྱུར་ནས་རང་བྱུང་འཚོ་གནས་ཀྱི་འགལ་ཟླར་ལངས། ཁོང་ཚོས་རང་ཉིད་ནི་རང་བྱུང་ཁམས་ལ་འདུལ་སྦྱོང་དང་སྟངས་འཛིན་བྱེད་མཁན་གྱི་བྱེད་པོ་ལྟ་བུར་མཐོང་ཞིང་། མིའི་རིགས་གཞན་དག་ལ་དབང་བསྒྱུར་བྱས་ཏེ་སྟོབས་འབྱོར་དང་དབང་ཤུགས་འཐོབ་རྒྱུའི་ལྟ་བ་བཟུང་། ཉམས་ཞིབ་པ་མང་པོས་མི་དང་རང་བྱུང་ཁམས་དང་། མི་དང་མིའི་བར་གྱི་ལྟ་སྟངས་ལ་འགྱུར་བ་ཕྱིན་པའི་རིག་གཞུང་གི་འཕོ་འགྱུར་འདི་ནི་དེང་དུས་ཀྱི་ཁོར་ཡུག་དང་ཐོན་ཁུངས་ཐད་འཕྲད་པའི་དཀའ་ངལ་ཁག་གི་རྒྱུ་རྐྱེན་གཙོ་བོ་དེ་ཡིན་པའི་ངོས་འཛིན་བྱེད་ཀྱིན་ཡོད།24 ཅེས་གསུངས།

༸གོང་ས་སྐྱབས་མགོན་ཆེན་པོས། རྩི་ཤིང་ལྟ་བུར་མཚོན་ཀྱང་ཁོ་རང་སྐྱེ་འཚར་གྱི་བརྒྱུད་རིམ་ཁྲོད་འགལ་རྐྱེན་ལས་གཡོལ་ཐབས་དང་མཐུན་རྐྱེན་གྱི་ཕྱོགས་སུ་ཁ་ཕྱོགས་པའི་ལྷན་སྐྱེས་ཀྱི་རྣམ་འགྱུར་ཞིག་གསལ་པོར་མངོན་དུ་ཡོད་པ་འདིས་ཁོ་རང་ལ་འཚོ་གནས་ཀྱི་དགོས་མཁོ་དང་འཚོ་གནས་ཀྱི་རང་དབང་ཡོད་པ་མཚོན་པར་བྱས་སྟབས། གཅོད་འབྲེག་བྱེད་པ་ལྟ་བུ་འཚོ་གནས་ལ་དོ་ཕོག་གཏོང་བའི་བྱ་སྤྱོད་ལ་འཛེམས་གཟོན་དགོས་པར་གཟིགས་བཞིན་པ་ལྟར། རང་བྱུང་དུ་གྲུབ་པའི་འཇིག་རྟེན་གྱི་སྐྱེ་ཁམས་མ་ལག་གི་མཛེས་སྡུག་བཀོད་པར་ཡང་སོ་སོའི་མཛེས་སྡུག་རྒྱུན་མཐུད་དུ་ངོམས་ཀྱིན་འཚོ་གནས་བྱེད་པའི་རང་དབང་དེ་ལྷན་སྐྱེས་སུ་ཡོད་སྟབས། རང་བྱུང་ཁམས་ཆེན་པོ་འདུལ་སྦྱོང་བྱེད་པའི་གཞིར་བལྟས་ཏེ་མཛེས་སྡུག་གི་བཀོད་པ་ཡོངས་རྫོགས་ཞིག་རལ་དུ་གཏོང་བའི་མིའི་བྱ་སྤྱོད་ནི་ཐ་ཤལ་ཞིག་ངེས་པར་ཡིན་ཏེ། རང་གི་ལུས་ཁམས་ཀྱི་བདེ་ཐང་དང་མཛེས་སྡུག་ལ་གཅེས་འཛིན་དང་ཞེན་ཆགས་ཤིན་ཏུ་ཆེན་པོ་བྱེད་ཞོར། རང་བྱུང་སྣོད་བཅུད་ཀྱི་བདེ་ཐང་དང་མཛེས་སྡུག་ལ་སེམས་ཁུར་མི་བྱེད་པའི་ཕྱིར་རོ། །
དེས་ན་མིའི་འཚོ་གནས་དགོས་མཁོ་དབུས་བཞག་གིས་རང་བྱུང་ཁམས་འདུལ་སྦྱོང་དང་བཤུ་གཞོག་བྱེད་པའི་གཞིར་ལྟ་བའི་བསམ་ཚུལ་འདི་ནི་ད་ལྟའི་ཁོར་ཡུག་ཉམས་རྒུད་དུ་འགྲོ་བཞིན་པའི་ཐོག་མའི་རྐྱེན་རྩ་ལྟ་བུར་ཊེ་ལར་གྱིས་གསུངས་པ་དངོས་ཡོད་ཡིན། འོན་ཀྱང་དུས་རབས་བཅོ་བརྒྱད་པའི་ནང་གི་བཟོ་ལས་གསར་བརྗེ་[Industrial Revolution]མ་བྱུང་བའི་དུས་སྐབས་ནང་མིའི་ལྟ་སྟངས་དང་ཀུན་སློང་དེར་རམ་འདེགས་བྱེད་པའི་ཚད་མཐོའི་འཕྲུལ་རིག་གི་ཆ་རྐྱེན་མེད་སྟབས་ས་ཆོད་ཆེན་པོས་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བའི་ལས་དོན་དེ་འགོ་འཛུགས་ཐུབ་པ་བྱུང་མེད། བཟོ་ལས་གསར་བརྗེ་བྱུང་བའི་སྔ་གཞུག་ཏུ་ཚད་མཐོའི་འཕྲུལ་རིགས་ལ་ཡར་རྒྱས་ཆེན་པོ་བྱུང་སྟེ། དེ་སྔོན་མི་རྣམས་ཀྱི་འཆར་སྣང་གི་སྤྱོད་ཡུལ་དུ་མ་གྱུར་པའི་ཐོད་བརྒལ་གྱི་འགྱུར་ལྡོག་རླབས་ཆེན་བྱུང་ནས་རང་བྱུང་ཁོར་ཡུག་ཚབས་ཆེན་པོས་ཉམས་ཉེས་སུ་འགྲོ་བའི་འགོ་བརྩམས་ཡོད།
བཟོ་ལས་གསར་བརྗེའི་སྐོར་ཤོད་སྐབས་དེ་སྔོན་ལོ་ངོ་བཞིའི་སྔོན་དུ་ཁོར་ཡུག་ལས་འགུལ་བ་བོད་རིགས་བུད་མེད་ཚེ་རིང་གཡང་སྐྱིད་ལགས་དང་བཀའ་མོལ་བྱུང་བའི་གནད་དོན་ཞིག་དྲན་གསོ་བྱེད་དགོས་པར་གྱུར།     ༢༠༡༠ ལོའི་དཔྱིད་དུས་ཀྱི་ཉིན་ཞིག་ཁོ་བོ་བཞུགས་སྒར་གངས་སྐྱིད་དུ་ཆགས་པའི་གངས་དཀར་ཏི་སེ་ཁོར་ཡུག་གོ་རྟོགས་ལས་འགུལ་ཁང་དུ་ཕྱིན། ལས་ཁུངས་ནང་ལས་མི་འགའ་ཞིག་དང་ཚོགས་པའི་འགན་འཛིན་ཚེ་རིང་གཡང་སྐྱིད་ལགས་བཞུགས་འདུག ཁོ་མོར་ཁོར་ཡུག་ཉམས་རྒུད་ཀྱི་གནད་དོན་འགའ་ཞིག་ཐོག་དྲི་བ་ཞུ་ཆོག་པའི་རེ་འདུན་ཞུས་པར། སྤྱི་ཚོགས་ནང་ཁོར་ཡུག་ཉམས་རྒུད་དང་འབྲེལ་བའི་གོ་རྟོགས་གོང་སྤེལ་བྱེད་རྒྱུ་ཁོང་ཚོའི་ལས་འགན་ཡིན་གསུངས་ཏེ་དྲི་བ་ཁག་ལ་ལན་འདེབས་དང་། དེ་མིན་འབྲེལ་ཡོད་ཀྱི་གནད་དོན་མང་དག་ཅིག་ལ་གསལ་ཁ་དོད་པོའི་འགྲེལ་བཤད་གནང་།  ཁོ་མོས་ད་ལྟའི་འཛམ་གླིང་ནང་གི་ཞིང་ས་མང་དག་ཅིག་རྫས་སྦྱོར་ཤུགས་ཆེར་སྤྱད་པའི་གནས་སྟངས་ལས་ཉིན་རེ་བཞིན་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་དང་།  རྒྱ་གར་གྱི་མངའ་སྡེ་ར་ཇི་སི་ཐན་ལྟ་བུར་དེང་སང་ཞིང་པ་རང་ཤི་རྒྱག་པའི་གྲངས་ཚད་འཕར་བཞིན་ཡོད་པ།  དེའི་རྒྱུ་རྐྱེན་ལྟ་བུར་ལོ་ལྟར་ཁྲོམ་ར་ནས་ཉོ་སྒྲུབ་བྱེད་དགོས་པའི་རབས་ཆད་ས་བོན་གྱི་གོང་ཚད་དེ་ཉིན་བཞིན་འཕཪ་བཞིན་ཡོད་པའི་ཐོག   རབས་ཆད་ས་བོན་བཟོ་སྐྲུན་བྱེད་མཁན་ཚོས་ཞིང་པ་ཉམ་ཐག་ཚོར་བཤུ་གཞོག་བྱེད་པའི་ཐབས་ལམ་དུ་ས་བོན་ནང་རུལ་སུངས་སུ་འགྱུར་འགྲོ་བའི་རྫས་ངན་རིགས་ཤིག་མཉམ་བསྲེས་བྱེད་ཀྱིན་ཡོད་པ་དང་། ཡང་ས་བོན་རུལ་སུངས་ཀྱི་ཉེན་ཁ་དེ་ཉིད་འགོག་པའི་དོན་དུ་ཞིང་པ་ཚོས་རྫས་ངན་དེ་ཉིད་མེད་པ་བཟོ་བྱེད་ཀྱི་སྨན་རྫས་ཀྱང་རིན་གོང་ཆེན་པོས་ཁོང་ཚོའི་ས་ནས་ཉོ་སྒྲུབ་བྱེད་དགོས་པའི་གཡོ་ཇུས་ཀྱི་ཚོང་ལས་གཉེར་བཞིན་པ་སོགས་ཞིང་པའི་འཚོ་བར་གཡོལ་ཐབས་མེད་པའི་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པའི་སྐོར་ཞིབ་ཚགས་ཀྱིས་འགྲེལ་བཤད་བྱས་པའི་མཐའ་སྡོམ་ལྟ་བུར། བཟོ་ལས་གསར་བརྗེ་ནི་ཁོར་ཡུག་ཉམས་རྒུད་དང་འབྲེལ་བ་ཡོད་པའི་འཇིག་རྟེན་གྱི་དཀའ་ངལ་མང་དག་གི་རྒྱུ་རྐྱེན་གཙོ་བོ་དེ་ཡིན་པར་ནན་ཏན་གྱིས་འགྲེལ་བཤད་བྱས།
བཟོ་ལས་གསར་བརྗེའི་ཤུགས་རྐྱེན་གླེང་སྐབས་ཀྱི་ཁོ་མོའི་རྣམ་འགྱུར་ལས། གསར་བརྗེ་དེར་དགའ་མོས་མེད་པ་ལྟ་བུའི་རྣམ་འགྱུར་ཞིག་གསལ་པོར་མངོན་བཞིན་འདུག ཁོ་མོའི་འགྲེལ་བཤད་འདིས་སྔར་དུས་ཁོ་བོས་ཡར་རྒྱས་ཀྱི་རྨང་གཞིའི་སྒུལ་ཤུགས་ལྟ་བུར་བརྩི་བའི་བཟོ་ལས་གསར་བརྗེར་གློ་བུར་དུ་དྭོགས་པ་དང་ཐེ་ཚོམ་གསར་པ་ཞིག་སྐྱེ་དགོས་པའི་གནས་སྟངས་བྱུང་ཞིང་། དེ་ནས་བཟུང་ངས་གོ་ལའི་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བའི་ལྟ་ཚུལ་གྱི་ཐད་ནས་རླབས་ཆེན་གྱི་འགྱུར་ལྡོག་ཅིག་ཏུ་ངོས་འཛིན་བྱེད་པའི་བཟོ་ལས་གསར་བརྗེ་ཟེར་བའི་ངོ་བོ་ངོ་མ་ཇི་ཡིན་ལ་ཤེས་རྟོགས་ཀྱི་འབད་པ་བྱས་པ་ཡིན། 

གནམ་གཤིས་འགྱུར་ལྡོག་གི་གནད་དོན་གླེང་སྐབས་ནག་རྫས་འབར་རླངས་གློད་གཏོང་གི་ཚད་གཞིའི་སྐོར་སྐད་ཆ་མ་ཤོད་ཐབས་མེད་ཡིན། གོ་ལའི་མཁའ་དབྱིངས་སུ་རྫས་རྡུལ་གྲངས་ལས་འདས་པ་ཞིག་ཡོད་པའི་གྲས་ནས་ས་གཞིའི་ཐོག་ཏུ་འཕྲོས་པའི་ཉི་དྲོད་སླར་བར་སྣང་དུ་ཕྱིར་ལྡོག་མ་ཐུབ་པར་གོ་ལའི་མཁའ་དབྱིངས་སུ་ཉར་ཚགས་བྱེད་པའི་ནག་རྫས་འབར་རླངས་ནི་ད་ལྟའི་གོ་ལའི་ཚ་དྲོད་ཇེ་ཆེར་གཏོང་བའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན། མཁའ་དབྱིངས་སུ་ཇི་ཙམ་ནག་རྫས་འབར་རླངས་མང་བ་ཡོད་པ་དེ་ཙམ་གྱིས་གོ་ལའི་ཚ་དྲོད་ཆེ་རུ་འགྲོ་བཞིན་ཡོད། བཟོ་ལས་གསར་བརྗེ་མགོ་མ་ཚུགས་པའི་སྔོན་དུ་གོ་ལའི་མཁའ་དབྱིངས་སུ་གནས་པའི་ནག་རྫས་འབར་རླངས་ཀྱི་འབོར་ཚད་དེ་ཧ་ཅང་ཆུང་ཆུང་ཡིན་ཏེ། སྐབས་དེར་ནག་རྫས་འབར་རླངས་ཀྱིས་རླུང་ཁམས་ཀྱི་རྫས་རྡུལ་ས་ཡ་གཅིག་ལས་རྫས་ཀྱི་ཆ་ཤས་ ༢༨༠ [280 parts per million]ཙམ་ལས་ཟིན་གྱི་མེད། བཟོ་ལས་གསར་བརྗེ་མགོ་བཙུགས་པ་ནས་སྤྱི་ལོ་ ༡༩༥༠ བར་རླུང་ཁམས་ནག་རྫས་ཀྱི་འབོར་ཚད་ས་ཡའི་ཆ་ ༣༢༠ [320ppm]ཙམ་ལ་འཕར་ཡོད་ཅིང་། དེ་ནས་སྤྱི་ལོ་ ༢༠༡༤ བར་ས་ཡའི་ཆ་ ༤༠༠ [400ppm]ཙམ་ལ་འཕར་བའི་25 གནས་སྐབས་བྱུང་ཡོད།26 གོ་ལའི་ཐོག་འཚོ་བའི་འགྲོ་བ་མིས་གཙོས་པའི་སྐྱེ་ལྡན་ཡོད་དོ་ཅོག་གི་འཚོ་གནས་ཀྱི་བདེ་ཐང་ཆེད་ནག་རྫས་འབར་རླངས་ས་ཡའི་ཆ་ ༣༥༠[350ppm] ནི་འོས་འཚམ་གྱི་ཚད་གཞི་ཡིན་པ་དང་། དེ་ལས་བརྒལ་ཏེ་ས་ཡའི་ཆ་ ༤༠༠[400ppm] སོན་བཞིན་པའི་ད་ལྟའི་འབོར་ཚད་ནི་འཇིགས་སྣང་སྐྱེ་དགོས་པ་ཞིག་ཡིན་ཅིང་། ནག་རྫས་གློད་གཏོང་གི་ཚད་མཐོ་བའི་འབོར་ཚད་འདིས་རྐྱེན་བྱས་ཏེ་གོ་ལའི་ལྷོ་བྱང་གི་སྣེ་མོ་གཉིས་དང་གོ་ལའི་སྣེ་མོ་གསུམ་པར་འབོད་པའི་ཧི་མ་ལ་ཡའི་གངས་འཁྱགས་ཚད་མྱུར་པོས་བཞུར་སྟོངས་སུ་འགྲོ་བའི་གནས་བབ་འདི་བྱུང་ཡོད་ལ། གོ་ལའི་ས་ཁུལ་ཕལ་མོ་ཆེར་ཉིན་བཞིན་ཆད་མེད་ཀྱི་ཚུལ་དུ་འབྱུང་བཞིན་པའི་མིའི་འཚོ་གནས་ལ་སྔར་མེད་ཀྱི་བརྡབ་གསིག་ཤུགས་ཆེན་གཏོང་བའི་རང་བྱུང་གི་གནོད་འཚེ་ཁག་འབྱུང་བཞིན་ཡོད།

དེས་ན་ཁོ་བོས་སྤྱི་ལོ་ ༢༠༡༠ སྤྱི་ཟླ་ ༤ ཚེས་ ༡༨ ཉིན་བཞུགས་སྒར་ཀརྟི་བྱེས་པ་གྲྭ་ཚང་གི་དཔེ་དེབ་བརྒྱ་ལོངས་པའི་དམིགས་བསལ་བགྲོ་གླེང་ཐོག་འབྲི་རྩོམ་ཞུས་པའི་<<སྲོལ་རྒྱུན་དང་དེང་རབས་ཀྱི་ཁྱད་པར།>>ཞེས་པའི་རྩོམ་ཡིག་ནང་། “བཟོ་ལས་གསར་བརྗེ་ནི་རང་བྱུང་ཁམས་ཀྱི་སྙོམ་གནས་དཀྲུགས་མཁན་གྱི་བྱེད་གཏེ་མང་པོའི་གྲས་ཀྱི་གཙུག་ཏོར་ལྟ་བུ་དེར་ངོས་འཛིན་བྱེད་ཀྱིན་ཡོད།” ཅེས་བྲིས་པ་ཕྱོགས་ལྷུང་དང་འུད་སྒྲོག་མིན་པ་གོང་གསལ་ནག་རྫས་འབར་རླངས་གློད་གཏོང་གི་འཕེལ་རྒྱས་དེས་གསལ་པོར་སྟོན་བཞིན་འདུག་སྙམ།

༣ ཁོར་ཡུག་ཉམས་རྒུད་ལས་སྐྱོབ་ཐབས།


དཔྱད་གཞིའི་ལུང་ཁུངས།


23 མའོ་ཡི་དབང་སྒྱུར་དུས་རབས་ནང་དར་སྲོལ་ཤུགས་ཆེ་བྱུང་བའི་འབོད་ཚིག་ཅིག

24 Tyler Miller, Environmental Science.