༄༅།།ལྷོ་ཤར་ཨེ་ཤ་ཡའི་འཇིགས་སྣང་གསོན་པོ།

རྩོམ་པ་བོ།
བློ་གྲོས་ཆོས་བཟང་།

རྩོམ་པ་བོ། བློ་གྲོས་ཆོས་བཟང་།

 ཀ༽ གཏེར་ཆུ་ཉོས་ནས་འཐུང་བ་འདི་རྒྱས་སྤྲོས་ཞིག་རེད་དམ།
 ཁ༽ ཨེ་ཤ་ཡའི་ཆུ་མཛོད་ཆེན་མོ། 
ག༽ བོད་ཀྱི་ཆུ་ཆེན་གྱི་འབག་བཙོག་དང་། མི་མང་དུང་ཕྱུར་གྱི་ངུ་འབོད།
ང༽  ཁོར་ཡུག་སྲུང་སྐྱོབ་དང་། ང་ཚོའི་འགན་ལེན།
ཅ༽ མཇུག་སྡོམ་ཐུང་ངུ་།


ཀ༽ གཏེར་ཆུ་ཉོས་ནས་འཐུང་བ་འདི་རྒྱས་སྤྲོས་ཞིག་རེད་དམ།

 གཏེར་ཆུ། གཏེར་ཆུ་ནི་གོ་ལ་ཧྲིལ་པོའི་ཕྱོགས་བཞི་མཚམས་བཞིར་དར་ཁྱབ་ཆེ་བའི་འགྱིག་དམ་ནང་བླུགས་པའི་ཆུ་ཞིག་དང་། ཁྲོམ་གཞུང་དུ་ཉོ་སླ་བ་དང་འཁྱེར་བདེ་བའི་འཐུང་ཆུ་ཞིག་ཡིན། འདི་ལ་འགྲེལ་བརྗོད་མི་དགོས་ཤིང་དེང་གི་ཆར་ང་ཚོའི་འཚོ་བའི་ནང་མེད་དུ་མི་རུང་བའི་བཏུང་བ་ཞིག་ཏུ་གྱུར་ཡོད། ཉེ་སྔོན་ངས་འདི་ནི་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཁྱམ་པ་རྣམས་ཀྱིས་རྒྱས་སྤྲོས་དང་བག་མེད་ཀྱི་སྤྱོད་པར་བསམ་མྱོང་། དེང་སང་འབྱོར་མེད་ཉམ་ཆུང་ང་ལ་ཡང་ཡར་མར་འགྲུལ་བཞུད་བྱེད་སྐབས་གཏེར་ཆུ་དེ་ཉིད་དང་འབྲལ་ཐབས་མེད་པའི་བཟང་ངན་གང་ཡིན་ཁ་ཚོན་མི་ཆོད་པའི་གོམས་གཤིས་ཤིག་འགོས་འདུག ཕལ་ཆེར་འདིའི་གོམས་གཤིས་ནི་ཕྲན་གཅིག་པུར་གསར་དུ་ལོབ་པའི་གོམས་གཤིས་ཤིག་མ་ཡིན་པར་འགྲུལ་བཞུད་བྱེད་མཁན་མང་པོ་ཞིག་ལ་འདྲིས་པའི་གོམས་གཤིས་ཤིག་རེད་སྙམ། སྤྱིར་ན་གུས་པས་འགྲུལ་བཞུད་སྐབས་དམིགས་བསལ་གྱིས་གཏེར་ཆུ་ཉོ་འདོད་དང་ལྗིད་ཚད་ལྷག་པ་འཁྱེར་འདོད་མེད་ཀྱང་། ཆུ་སྣོད་ཆེ་ཆུང་དང་མདོག་སྣ་ཚོགས། བཟོ་གྲྭ་འདྲ་མིན་གྱི་ལས་རྟགས་འཁོད་པའི་གཏེར་ཆུ་གང་ལེགས་གང་ཞིམ་རྣམས་མ་ཉོ་ཐབས་མེད་ལྟ་བུ་ཆགས་བཞིན་འདུག

ལྷག་པར་འདི་ནི་ཕྲན་གྱིས་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཁྱམ་པ་རྣམས་ལ་ལད་ཟློས་བྱས་པ་ལྟ་བུ་མ་ཡིན་པར་ཕྲན་ལ་ཐབས་ཤེས་དང་བྱ་ཐབས་ཟད་ནས་གཏེར་ཆུ་ཉོ་དགོས་བྱུང་བ་ཞིག་རེད། རང་བྱུང་ཁམས་ལས་བྱུང་བའི་གཡས་གཡོན་གྱི་རྒྱུག་ཆུ་དང་ཆུ་ཕྲན་རྣམས་ཕར་བལྟས་ཙམ་གྱིས་དེ་དག་གི་རང་བཞིན་དུ་གྲུབ་པའི་མདོག་ལ་ཚོན་རྩི་མཁན་པོས་ཚོན་བཏང་ནས་མདོག་གཞན་ཏུ་བསྒྱུར་བ་དང་གཉིས་སུ་མ་མཆིས། མ་ཟད་ཆུ་བོ་དེ་དག་གི་ནང་འགྱིག་ཤོག་དང་ཤོག་སྙིགས་སོགས་ཀྱང་གང་མང་ཞིག་མཐོང་རྒྱུ་ཡོད་པས་སྐོམ་པའི་སྡུག་བསྡལ་གྱིས་མནར་བཞིན་ཡོད་ཀྱང་རང་ཉིད་ཀྱི་འཕྲོད་བསྟེན་ནི་རང་ཉིད་ལ་མཚོན་ན་འཇིག་རྟེན་དུ་མུ་མཐུད་དུ་འཚོ་གནས་ཐུབ་པར་ཧ་ཅང་གལ་ཆེ་བར་བརྟེན་འཐུང་ནུས་བྲལ། དེ་བཞིན་དུ་གཡས་གཡོན་གྱི་ཆུ་རྐའི་ནང་གི་ཆུའི་འབྱུང་ཁུངས་ཀྱང་རྒྱུག་ཆུ་ཆེ་ཁག་དེ་དག་ཡིན་ཡང་གད་སྙིགས་ཀྱི་དྲི་ངན་བསལ་ནས་སྨན་སོགས་ཀྱི་དྲི་བཟང་བསྲེས་པ་ཙམ་གྱིས་ག་ལ་འཐུང་ནུས་ལགས། དེ་ནས་རང་བྱུང་ས་འོག་ནས་ཐོན་པའི་རྗས་སྨན་སོགས་ཀྱིས་མ་བསླད་པའི་འགྱིག་དམ་ནང་གི་གཏེར་ཆུ་འཐུང་རྒྱུ་ལས་ཐབས་གཞན་མ་རྙེད། ད་གཟོད་ཕྱི་རྒྱལ་སྤྲོ་འཁྱམ་པ་རྣམས་ཀྱིས་གཏེར་ཆུ་བཀོལ་བཞིན་པ་འདི་རྒྱས་སྤྲོས་དང་བག་མེད་ཀྱི་ལས་ཤིག་མ་ཡིན་པར་ཁོ་ཚོ་ལ་ཁག་མི་འདུག་སྙམ་པའི་ཚོར་བ་ཞིག་བྱུང་། 

༢༠༡༥ནས་བརྩིས་པའི་ལོ་ངོ་ཉི་ཤུའི་ཡར་སྔོན་དུ་ངའི་སྡོད་གནས་བཞུགས་སྒར་དྷ་རམ་ས་ལར་འགྱིག་དམ་ནང་གི་གཏེར་ཆུ་བཙོང་རྒྱུ་ཡོད་པའི་ཚོང་ཁང་ཉུང་ཉུང་ཡིན། ད་ཆ་ཚོང་ཁང་ཕལ་ཆེ་བའི་ནང་གཏེར་ཆུའི་རིགས་འདྲ་མིན་བཙོང་རྒྱུ་འདུག རྒྱུ་མཚན་ནི་གཏེར་ཆུ་བེད་སྤྱོད་མཁན་ལོ་ནས་ལོར་ཇེ་མང་དུ་འགྲོ་བཞིན་པའི་རྟགས་མཚན་རེད། ཇེ་མང་དུ་འགྲོ་དགོས་པའི་རྒྱུ་མཚན་ཡང་རང་བྱུང་ཁམས་ལས་བཞུར་བའི་ཆུ་བོ་དེ་དག་ཐད་ཀར་འཐུང་མི་རུང་བར་གྱུར་པའི་རྒྱུ་མཚན་ལ་ཐུག་ཡོད།

འོ་ན་རང་བྱུང་ཁམས་ལས་བྱུང་པའི་རྒྱུག་ཆུ་དང་གཙང་པོ་སོགས་ཐོག་མ་ཉིད་ནས་ང་ཚོའི་འཐུང་ཆུར་མི་རུང་བ་ཡིན་ནམ།བར་སྐབས་ཤིག་ནས་འགྲོ་བ་མིའི་བྱ་སྤྱོད་ལས་ང་ཚོས་ཐད་ཀར་ལོངས་སྤྱོད་མི་རུང་བར་བསྒྱུར་པ་ཡིན། ཡང་ན་རང་བྱུང་ཁམས་ཀྱི་རང་བཞིན་འགྱུར་ལྡོག་ལས་ཐད་ཀར་ལོངས་སྤྱོད་མི་རུང་བར་གྱུར་པ་ཡིན་ཞེ་ན། ལོ་ངོ་སྟོང་ཕྲག་དུ་མའི་ཡར་སྔོན་གྱི་རང་ཅག་གི་ཡབ་མེས་ནས་དུས་རབས་བཅུ་དགུའི་མགོ་སྟོད་བར་གྱི་ང་ཚོའི་མེས་པོ་རྣམས་ནི་རང་བྱུང་ཁམས་ཀྱི་ས་ཆུ་མེ་རླུང་སོགས་ལ་བརྟེན་ནས་འཚོ་ཞིང་། ས་སོགས་འབྱུང་བ་རྣམས་སྐྱེ་འགྲོ་ཡོད་དོ་ཅོག་གི་མགོན་དང་དཔུང་གཉེན་ལྟ་བུར་བརྩིས་ནས་དེ་དག་ལ་དད་པ་དང་ཆོས་བྱེད་མཁན་ཡང་དུས་ད་ལྟའི་བར་བྱུང་དང་འབྱུང་གིན་ཡོད། འདས་པའི་ལོ་ངོ་དེ་དག་གི་རིང་ལ་རང་བྱུང་ཁམས་ལ་འབག་བཙོག་སོང་རབས་སོགས་ཀྱི་སྐད་ཆ་མེད་ཅིང་ཐད་ཀར་ལོངས་སྤྱོད་ནུས་པ་ནི་ཡར་སྔོན་གྱི་བྱུང་རབས་རྣམས་ཀྱིས་བདེན་དཔང་བྱེད་ནུས།

འོ་ན་རྒྱུ་རྐྱེན་དང་ལས་ངན་གང་ཞིག་ལ་བརྟེན་ནས་ང་ཚོས་ཐད་ཀར་ལོངས་སྤྱོད་མི་ནུས་པར་གྱུར་པ་ཡིན་ནམ་ཞེ་ན། དེ་ནི་དེང་གི་ཆར་གོ་ལ་ཧྲིལ་པོའི་ཁོར་ཡུག་གི་འགྱུར་ལྡོག་ལ་དོ་སྣང་གནང་མཁན་ཀུན་གྱིས་གླེང་བཞིན་པའི་གནམ་གཤིས་འགྱུར་ལྡོག་དང་རང་བྱུང་ཁམས་ཀྱི་འགྱུར་ལྡོག་ལས་བྱུང་བ་བསྙོན་མེད་རེད། འོ་ན་གནམ་གཤིས་དང་རང་བྱུང་ཁམས་ཀྱི་འགྱུར་ལྡོག་དེ་འབྱུང་བ་རང་གི་རང་བཞིན་གྱིས་བྱུང་བ་ཞིག་ཡིན་ནམ། དེ་ལས་གཞན་པའི་རྒྱུ་རྐྱེན་ཞིག་ལས་བྱུང་བ་ཡིན་ཞེ་ན། དེ་ནི་འབྱུང་བའི་རང་བཞིན་ལས་གྲུབ་པ་ཞིག་མ་ཡིན་པར་འདོད་རྔམས་ཀྱི་ཚྭ་ཆུ་འཐུངས་པའི་འགྲོ་བ་མིའི་བྱ་སྤྱོད་ངན་པ་དང་ཚད་ལས་བརྒལ་བའི་རང་བྱུང་ཁམས་ལ་གཏོར་སྐྱོན་བཏང་བའི་ཉེས་འབྲས་ལས་བྱུང་བ་ཞིག་རེད། དཔེར་ན། གཏེར་ཁ་སྔོག་འདོན་ལྟ་བུར་མཚོན་ན། མིའི་དགོས་མཁོ་ལས་བརྒལ་ནས་གཏེར་ཁ་སྔོག་འདོན་ཆེ་དྲགས་པས་ས་བཅུད་ཉམས་པས་ཆུའི་བཅུད་ཀྱང་ཉམས་པ་དང་གཏེར་ཁ་སྔོག་སྐབས་ཀྱི་སྙིགས་རོ་རྣམས་རྒྱུག་ཆུ་ཁག་གི་ནང་ཤོར་བ་དང་། དེ་དང་འབྲེལ་བའི་བཟོ་གྲྭ་ལས་བྱུང་བའི་དུ་ནག་དང་། རྫས་འགྱུར་སྣ་ཚོགས་འདྲེས་པའི་དུ་བའི་རླངས་པ་རྣམས་བར་སྣང་དུ་སོང་ནས་མཐར་སྤྲིན་ཕུང་གི་ངོ་བོར་འགྲུབ་བཞིན་ཡོད། དེས་ན་ཆར་ཆུ་ནི་ཆུ་བོ་ཀུན་གྱི་འབྱུང་ཁུངས་ཆེ་ཤོས་ཡིན་ཞིང་སྤྲིན་ཕུང་ཇི་ཙམ་གཙང་བ་དེའི་ཚོད་ཀྱིས་དེ་ལས་བབས་པའི་ཆར་ཆུ་གཙང་ཞིང་དེ་ལས་རྒྱུག་ཆུ་སོགས་ཀྱང་གཙང་བ་ནི་རྟེན་འབྲེལ་དང་ལྟོས་གྲུབ་ཀྱི་ཆོས་ཉིད་ཡིན། དེ་ལས་ལྡོག་སྟེ་སྤྲིན་ཕུང་ཇི་ཙམ་འབག་བཙོག་ཆེ་བ་དེའི་ཚོད་ཀྱིས་ཆར་ཆུ་དང་། དེ་ལས་བྱུང་བའི་རྒྱུག་ཆུ་དང་གཙང་ཆུ་སོགས་ཀྱང་འཐུང་ཆུར་མི་རུང་བར་འགྱུར་ངེས་རེད། དཔེར་ན། སྤྱི་ལོ་༢༠༡༤ ཟླ ༩ ཚེས ༢༣ ཉིན་ལྷ་སའི་ཉེ་འཁྲིས་སུ་ཡོད་པའི་འཛིན་སྦུག་གྲོང་གསེབ་མི་དམངས་ཀྱིས་རྒྱ་མའི་གཏེར་ཁ་སྔོག་འདོན་གྱི་བཙོག་ཆུའམ་དུག་ཆུ་གྲོང་གསེབ་ཀྱི་འཚོ་རྟེན་གཙོ་བོའི་རྒྱུག་ཆུའི་ནང་ཤོར་ནས་ཉ་དང་སྒོ་ཕྱུགས་སེམས་ཅན་མང་པོ་ཤི་བར་ངོ་རྒོལ་བྱས་པའི་སྙན་ཐོ་བོད་གཞུང་ཕྱི་དྲིལ་ཁོར་ཡུག་སྡེ་ཚན་ནས་བཏོན་པ་ལས་ཤེས་ནུས། 

འཐུང་ཆུའི་དཀའ་ངལ་ཆུང་ཆུང་འདི་ནི་ཁོ་བོ་གཅིག་པུར་འཕྲད་པ་ཞིག་མ་ཡིན་པར། རྒྱ་གར་དང་། རྒྱ་ནག ཨ་རི་སོགས་ཡུལ་གྲུ་མང་པོ་ཞིག་གི་མི་མང་ལ་གཅིག་མཚུངས་ཀྱིས་འཕྲད་བཞིན་པའི་དཀའ་ངལ་ཞིག་རེད། ད་ལྟའི་ཆར་ང་ཚོས་གཏེར་ཆུ་ཉོ་དགོས་པའི་དཀའ་ངལ་གྱི་རྒྱུ་རྐྱེན་གཙོ་བོ་འདི་མུར་བསྡད་ན་རང་བྱུང་ཁོར་ཡུག་ལ་འབག་བཙོག་མུ་མཐུད་ཤུགས་ཆེར་སོང་ནས་ནམ་ཞིག་གཙང་པོ་དང་རྒྱུག་ཆུ་སོགས་ཞིང་ཁ་འདེབས་ལས་སོགས་ཀྱི་ལས་རིགས་ཙམ་ལས་འཐུང་ཆུར་བཀོལ་མི་རུང་བའི་གནས་སུ་མི་འགྱུར་བའི་ངེས་པ་མེད་དེ། ད་ལྟའི་ཁོར་ཡུག་འབག་བཙོག་ལ་བཅོས་ཐབས་ཤིག་རྒྱལ་སྤྱིའི་ཐོག་ནས་མ་བཏང་ཚེ་ཟླ་བ་དང་ལོ་རེ་བཞིན་བཟོ་གྲྭ་དང་གཏེར་ཁ་སྔོག་འདོན་སོགས་ཇེ་མང་གི་གནས་ཚུལ་ང་ཚོ་ཀུན་གྱི་མིག་སྔར་མངོན་བཞིན་པ་འདི་རེད། 

གལ་ཏེ་ཁོར་ཡུག་འབག་བཙོག་ཤུགས་ཆེ་སོང་བའི་རྐྱེན་གྱིས་ང་ཚོ་སོ་སོ་གནས་སྡོད་བྱེད་སའི་རྒྱལ་ཁབ་དེར་ཞིང་ལས་ཐོན་སྐྱེད་ལྟ་བུ་གློ་བུར་དུ་འགག་ཚེ་མི་སྒེར་དང་། སྤྱི་ཚོགས་ཁྱོན་ཡོངས་ལ་དོ་ཕོག་ཇི་ཙམ་འགྲོ་མིན་བསམ་ཞིབ་བྱོས་དང་། འདོད་རྔམས་ཀྱི་ཚྭ་ཆུ་འཐུངས་པའི་མིའི་བྱ་སྤྱོད་ཀྱི་ངན་འབྲས་ལས་འཐུང་ཆུའི་དཀའ་ངལ་འཛམ་གླིང་ཁྱོན་ཡོངས་ལ་འཕྲད་བཞིན་པ་ལྟར། དགོས་མཁོའི་དཔལ་འབྱོར་གྱི་མཚམས་ལས་བརྒལ་ནས་རྒྱས་སྤྲོས་དང་འགྲན་རྩོད་ཁོ་ནས་དཔལ་འབྱོར་གསོག་སྒྲུབ་ཀྱི་དུས་འདའ་བའི་མིའི་བྱ་སྤྱོད་ངན་པ་དེ་དག་གི་རྐྱེན་གྱིས་མཁའ་རླུང་ལ་འབག་བཙོག་ཚད་ལས་བརྒལ་བ་བཟོས་ནས་ཐད་ཀར་ང་ཚོས་མཁའ་རླུང་ལ་ལོངས་སུ་སྤྱོད་མི་ནུས་པར་གཏེར་ཆུ་ཉོ་དགོས་པ་བཞིན་ནམ་ཞིག་འཚོ་རླུང་ངམ་སྲོག་འཛིན་གྱི་རླུང་ཡང་ཉོ་དགོས་བྱུང་ཚེ་འཛམ་གླིང་མི་འབོར་དུང་ཕྱུར་བདུན་ཅུ་པོ་རེ་རེ་ནས་ཆུ་ཚོད་དང་ཉིན་ཞག ཟླ་བ་དང་ལོ་རེ་བཞིན་མུ་མཐུད་ཉོ་ཐུབ་བམ། 

འཚོ་རླུང་ལ་ཤུགས་ཆེ་བའི་འབག་བཙོག་ཤོར་ནས་བེད་སྤྱོད་མི་རུང་བར་གྱུར་ཚེ་ང་ཚོས་ཅི་ཞིག་བྱེད་དམ། ཚོད་དཔག་འདི་དག་ནི་རྟོག་བཟོ་ཙམ་མ་ཡིན་པར་ད་ལྟའི་རྒྱལ་སྤྱིའི་ཁོར་ཡུག་འབག་བཙོག་གི་ཚད་གཞི་ལ་གཞིགས་ན་གནས་ཚུལ་ཐབས་སྡུག་དེ་འདྲ་ཞིག་འབྱུང་ངེས་རེད་འདོད། འོན་ཀྱང་དེ་འདྲ་བའི་དཀའ་ངལ་ཐབས་སྡུག་ཅིག་མི་འབྱུང་ཆེད་ད་ལྟ་ནས་གྲ་སྒྲིག་བྱས་ན་སྔོན་འགོག་ཀྱང་བྱེད་ཐུབ་ངེས་རེད། རྒྱུ་མཚན་ནི་རྒྱུ་རྐྱེན་དེ་དག་ཀུན་མིའི་བཟང་སྤྱོད་ལས་བརྒལ་བའི་བྱ་སྤྱོད་ཀྱི་ངན་འབྲས་ཡིན་པ་ང་ཚོས་ཤེས་གསལ་ལྟར་ཡིན་པས་དེ་ལ་སྒྱུར་བཅོས་བྱེད་པའི་ནུས་པ་ཡང་ང་ཚོ་ལ་ཡོད་པ་དེའི་ཕྱིར་རོ། ། 

ཁོ་བོ་སྐྱེ་ཡུལ་དང་བྱིས་དུས་ཀྱི་འཚར་ལོངས་བྱུང་སའི་ཁོར་ཡུག་ནི་བོད་མཐོ་སྒང་གི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་དག་ཅིང་གཙང་བའི་མཁའ་རླུང་། དྭངས་ཞིང་བསིལ་བའི་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ། ཞི་བདེ་བག་ཕེབས་ཀྱིས་འཚོ་བའི་སྒོ་ཕྱུགས་སེམས་ཅན་སོགས་ཀྱིས་བསྐོར་བའི་གནས་ཡིན་ལ། ཁོ་བོས་བྱིས་དུས་སུ་ཁོར་ཡུག་འབག་བཙོག་གི་སྐད་ཆ་གོ་མ་མྱོང་། འོན་ཀྱང་དེ་ནི་ཕྱོགས་གཅིག་ནས་ན་ཚོད་ཆུང་བའི་རྐྱེན་གྱིས་མ་ཤེས་པ་དང་མ་ཚོར་བ་ཡིན་སྲིད་ལ། གཉིས་ནས་དེ་དུས་བོད་མི་རྣམས་ལ་ཁོར་ཡུག་གི་ཤེས་ཚད་དེ་ཙམ་མེད་པས་ཡིན་སྲིད། 

གང་ལྟར་ཁོ་བོའི་དྲན་ལམ་དུ་བྱིས་པའི་སྐབས་སུ་རྩྭ་ཐང་དུ་བཞུར་བཞིན་པའི་རྒྱུག་ཆུ་དང་གཙང་ཆུ་གང་ཞིག་ཡིན་ཡང་ཐད་ཀར་འཐུང་རུང་ཤག་དང་། དྭངས་ཤིང་གཙང་བའི་འདུ་ཤེས་འབའ་ཞིག་ལས་དེ་ལ་འབག་བཙོག་ཤོར་དོགས་ཀྱི་འཇིགས་སྣང་དང་རྣམ་རྟོག་གང་ཡང་མེད། ཕྱིས་སུ་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ནས་རིམ་པས་ཤེས་གསལ་ལ་བོད་ཀྱི་ཆུ་ཆེན་ཁག་ལ་འབག་བཙོག་ཤུགས་ཆེན་ཤོར་ཚུལ་དང་མཐོ་སྒང་གི་ཆུ་བོ་དག་ནི་ཤིན་ཏུ་གལ་གནད་ཅན་ཞིག་ཏུ་རྒྱལ་སྤྱིའི་གསར་ལམ་དང་ཚོགས་འདུ་སོགས་ཀྱི་ཐོག་ཏུ་བགྲོ་གླེང་སྣ་མང་བྱེད་བཞིན་འདུག་པས་དེའི་ཚུལ་ལ་ཅུང་ཟད་དཔྱད་འདོད་ཞུགས།


ཁ༽ ཨེ་ཤ་ཡའི་ཆུ་མཛོད་ཆེན་མོ། 

◄ མདུན།  རྒྱབ། ►