༄༅།།ལྷོ་ཤར་ཨེ་ཤ་ཡའི་འཇིགས་སྣང་གསོན་པོ།

རྩོམ་པ་བོ།
བློ་གྲོས་ཆོས་བཟང་།


 ཁ༽ ཨེ་ཤ་ཡའི་ཆུ་མཛོད་ཆེན་མོ། 

དེང་གི་ཆར་ཕྱི་ནང་གི་མཁས་དབང་དང་ཉམས་ཞིབ་པ་མང་པོ་ཞིག་གིས་མཐོ་སྒང་བོད་ལ་མིང་སྣ་ཚོགས་ཤིག་འདོགས་བཞིན་འདུག དཔེར་ན། ཨེ་ཤ་ཡའི་ཆུ་མཛོད།1  གོ་ལའི་སྣེ་མོ་གསུམ་པ། ཨེ་ཤ་ཡའི་སྲོག་རྩ་སོགསརེད། འོ་ན་དངོས་ཡོད་གནས་ཚུལ་ལ་མིང་དོན་དེ་གཉིས་མཚུངས་སམ་ཞེ་ན། དྲི་བ་དེའི་ལན་ནི་གཤམ་གྱི་དཔྱད་གཏམ་ཐུང་ངུ་ལས་ཤེས་ནུས་སྙམ།

མཐོ་སྒང་བོད་ནི། འཛམ་གླིང་ཧྲིལ་པོའི་དཀྱིལ་དང་མཐོ་སྒང་། དཀར་ཞིང་གཙང་བའི་གངས་རིས་བསྐོར་བའི་བསིལ་ལྡན་ཁ་བའི་ལྗོངས་ཆེན་པོ། ཆུ་བོ་ཡན་ལག་བརྒྱད་ལྡན་འཛོམས་པའི་ཆུ་མཛོད་ཆེན་མོ། རང་བྱུང་ཁམས་དང་རིན་ཆེན་གཏེར་གྱིས་ཕྱུག་པའི་བང་མཛོད་ཆེན་མོར་དེང་དུས་ཀྱི་ཕྱི་ནང་གི་ཆབ་སྲིད་པ་དང་། དཔྱད་ཞིབ་པ། མཁས་དབང་སོགས་དཔྱོད་ལྡན་སྐྱེ་བོ་སྟོང་ཕྲག་མང་པོས་ཡིད་སྨོན་ཤོར་ཞིང་། མཚན་སྙན་གྱི་ཆོ་ལོ་སྣ་ཚོགས་ཕུལ་དང་འབུལ་བཞིན་པ་རེད། བསིལ་ལྡན་གྱི་ལྗོངས་ཞེས། གནའ་དེང་གི་ཕྱི་ནང་དཔྱོད་ལྡན་པ་མང་པོས་འདི་ལྟར་ངོས་འཛིན་བྱེད་བཞིན་ཡོད། དཔེར་ན། དཀོན་མཆོག་འབངས་ཀྱི་སྐྱེས་རབས་ལས།2  ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད། །རི་མཐོན་པོ་གནམ་གྱི་ཀ་བ་ཡོད། །མཚོ་དམའ་པོ་གཡུ་ཡི་མཎྜལ་ཡོད། །གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། །སྤང་སེར་པོགསེར་གྱི་ལྷུན་པོ་ཡོད། །དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད། །སྟོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད། །དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད། ཅེས་ཡོངས་སུ་གྲགས་པ་བཞིན་ནོ། །

བསིལ་ལྡན་གྱི་ལྗོངས་སུ་གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད་ཚུལ་ནི། སྟོད་མངས་རིས་ཕྱོགས་སུ་གངས་དཀར་ཏེ་སེ་དང་། བལ་བོད་ཀྱི་མཚམས་སུ་ཇོ་མོ་གླང་མ། བོད་འབྲུག་གི་ས་མཚམས་སུ་ཕག་རིའི་ཇོ་མོ་ལྷ་རི། གཞན་ཡང་། གངས་དཀར་ཤ་མེད། ཇོ་མོ་མཁའ་རེག གཉན་ཆེན་ཐང་ལྷ། ཡར་ལྷ་ཤམ་པོ། སྐུ་ལ་ཁ་རི། གནས་ཆེན་ཙ་རི་ཏྲ། རྨ་ཆེན་སྤོམ་ར། རྒྱ་བོད་ཀྱི་ས་མཚམས་སུ་ཁ་བ་དཀར་པོ། ཤར་དུང་རི། ཤིན་ཅང་དང་བོད་ཀྱི་ས་མཚམས་སུ་གངས་དཀར་ཕྱོགས་ལས་རྣམ་རྒྱལ། རྨེ་རུ་གངས་དཀར་སོགས་ཀྱིས་བསིལ་ལྡན་གྱི་ལྗོངས་འདི་མཐའ་བཞི་མཚམས་བརྒྱད་ནས་ཡོངས་སུ་བསྐོར་ཡོད།3  

མཚོ་དམའ་མོ་གཡུ་ཡི་མཎྜལ་ཡོད། ཅེས་གསུངས་པ་ལྟར། མ་ཕམ་གཡུ་མཚོ། གནམ་མཚོ་ཕྱུག་མོ། མཚོ་སྐྱ་རིང་། མཚོ་སྔོ་རིང་། མཚོ་སྔོན་པོ་སོགས་གཡུ་ཡི་མཎྜལ་འཁྱིལ་འདྲ་བའི་མཚོ་ཆེན་དང་། 4 མཚོ་ཆུང་དང་མཚེའུ་སོགས་བསམ་གྱིས་མི་ཁྱབ་པ་ཡོད། ཤེལ་གྱི་མཆོད་རྟེན་འདྲ་བའི་གངས་རི་དེ་དག་དང་གཡུ་ཡི་མཎྜལ་འདྲ་བའི་མཚོ་དང་མཚེའུ་དེ་དག་ལས་གླིང་ཆེན་ཨེ་ཤ་ཡའི་མི་མང་དུང་ཕྱུར་བཅུ་དང་བྱེ་བ་གསུམ་ལྷག་གི་ཚེ་སྲོག་གི་རྟེན་གཞིར་གྱུར་པའི་ཆུ་བོ་རྣམས་འབབ་བཞིན་ཡོད།5  དེའི་ཚུལ་ནི། མཐོ་སྒང་བོད་ཀྱི་སྟོད་མངས་རིས་སུ་ཆགས་པའི་གངས་དཀར་ཏེ་སེ་དང་མ་ཕམ་གཡུ་མཚོ་ལས་འབབ་པའི་ཁ་འབབ་བཞི་སྟེ། རྟ་མཆོག་ཁ་འབབ་ནི། གཙང་གི་གཞུང་བརྒྱུད་ཅིང་། ལྷ་སའི་ལྷོ་རྒྱུད་ཡར་ཀླུང་དུ་འབབ་པའི་ཆ་ནས་ཡར་ཀླུང་གཙང་པོ་དང་། དེ་ནས་དྭགས་པོ་དང་ཀོང་པོ་བརྒྱུད་ནས་རྒྱ་གར་ཤར་ཕྱོགས་ཨ་སམ་དང་བྷང་ལ་ཌེ་ཤི་བརྒྱུད་རྒྱ་མཚོར་འབབ་པའི་ཆ་ནས་བྷར་མ་སྤུ་ཏར་ (Brahmaputra) ཅེས་བརྗོད། བོད་ཀྱི་ཡར་ཀླུང་གཙང་པོས་སྐྱེ་འགྲོ་ས་ཡ་ ༦༢༥ དང་།6  དེའི་ནང་ནས་བརྒྱ་ཆ་ ༨༠% 7  ཞིང་ལས་པ་ཡིན་ཞིང་དེ་དག་ལ་ཐོན་སྐྱེད་རིམ་སྤྲོད་དང་སྤྱི་ལེ་ ༢༩༠༠ 8  འབབ་བཞུར་གྱིས་མཐར་རྒྱ་མཚོ་ཆེན་མོོར་ལོག་བཞིན་ཡོད། 

རྨ་བྱ་ཁ་འབབ་ནི། བོད་ཀྱི་སྤུ་ཧྲེང་བརྒྱུད་ནས་རྒྱ་གར་མངའ་སྡེ་ཨུ་ཏར་པ་ཌི་ཤི་ (Uttar Pardeshབརྒྱུད་ནས་འབབ་པའི་ཚེ་ན་ཆུ་བོ་གང་གཱ་ཞེས་རྒྱ་བོད་གཉིས་ཀར་ཧ་ཅང་གྲགས་ཆེ་བའི་ཆུ་བོ་དེ་ཡིན། ཁྱོན་སྤྱི་ལེ་ ༢༡༥༠9 འབབ་བཞུར་དང་ཆུ་མོའི་བཞུར་རྒྱུད་དུ་མི་འབོར་ས་ཡ་ ༤༥10  འཚོ་གནས་བྱེད་བཞིན་ཡོད།

གླང་ཆེན་ཁ་འབབ་ནི།  མཐོ་སྒང་གི་སྟོད་མདའ་པ་དང་། མཐོ་ལིང་སོགས་བརྒྱུད་ནས་འབབ་པའི་ཚེ་ན་གླང་ཆེན་ཁ་འབབ་དང་། དེ་ནས་རྒྱ་གར་གྱི་མངའ་ཁོངས་མ་དྷི་ཨ་ནར་དང་། པན་འཇབ་དང་དེ་ནས་པ་ཀི་སི་ཏན་བརྒྱུད་ནས་འབབ་པའི་ཚེ་ཆུ་བོ་སུ་ཀྲ་ལེ་ཇི་ཟེར། (Sutlej) བ་དང་ཁྱོན་སྤྱི་ལེ་ ༡༤༥༠11  རིང་འབབ་བཞུར་ཀྱིས་སྐྱེ་འགྲོ་ས་ཡ་མང་པོར་འཚོ་བའི་སྲོག་དབུགས་བྱིན་ནས་མཐར་རྒྱ་མཚོར་ལོག 

སེང་གེ་ཁ་འབབ་ནི། བོད་ཀྱི་སྟོད་སྒར་བརྒྱུད་འབབ་པའི་ཚེ་སེང་གེ་ཁ་འབབ་དང་། དེ་ནས་ལ་དྭགས་དང་ཀ་ཤི་མིར་བརྒྱུད་པ་ཀི་སི་ཏན་ནས་འབབ་པའི་ཚེ་ཆུ་བོ་ཨིན་དྷ་སི་(Indus) ཞེས་ཟེར་བ་དང་མཐར་སྤྱི་ལེ་ ༣༢༠༠12  འའབ་བཞུར་བྱས་ནས་ཆུ་བོ་སུ་ཀྲ་ལེ་ཇི་ལྷན་དུ་རྒྱ་གར་རྒྱ་མཚོ་ཆེན་མོའི་ནང་དུ་ལོག་བཞིན་ཡོད་པ་དང་ཆུ་བོ་ཨིན་དྷ་སི་ནི་པ་ཀེ་སེ་ཐན་གྱི་ནང་ཆུ་བོ་རིང་ཤོས་དང་འཛམ་གླིང་ནང་གི་རིང་ཤོས་ཉེར་གཅིག་པ་དེ་རེད། 
     
བོད་ཀྱི་སྟོད་མངའ་རིའི་ཕྱོགས་ཀྱི་གངས་རི་དང་མཚོ་རྣམས་ལས་བབས་པའི་ཁ་འབབ་རྣམ་བཞི་ཡིས་བོད་ཀྱི་ཡུལ་ལུང་དང་། རྒྱ་གར། པ་ཀི་སི་ཏན། བྷང་ལ་ཌེ་ཤིའི་ཡུལ་ལུང་མང་པོར་སྤྱི་ལེ་སྟོང་ཕྲག་མང་པོའི་བཞུར་རྒྱུན་རིང་སྐྱེ་འགྲོ་ས་ཡ་མང་པོར་དགོས་མཁོའིའཐུང་ཆུ། ཞིང་ལས་འདྲ་མིན་ལ་མཁོ་བའི་ཞིང་ཆུ། ཡུལ་ལུང་དེ་རྣམས་ཀྱི་ཤིང་ནགས་སོགས་སྐྱེ་འཕེལ་ལ་ཕན་འབྲས་ཚད་ལས་བརྒལ་བ་འབྱུང་བཞིན་ཡོད་པ་ནི་དེང་དུས་བོད་ཀྱི་ཁོར་ཡུག་གི་ཐོག་གཟུ་བོར་གནས་པའི་ཉམས་ཞིབ་པ་དང་ཚན་རིག་པ་མང་པོས་དཔྱད་ཞིབ་ཀྱི་སྙན་ཐོ་ ༡༩༣ ལྷག་ཀྱི་ལུང་དྲངས་ནས་བོད་མཐོ་སྒང་ཐོག་གི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཞེས་པའི་དེབ་ལས་ཤེས་ནུས།13  དེ་དག་ནི་གངས་ཅད་ལྗོངས་ཀྱི་ཁ་འབབ་ཆེན་པོ་བཞིས་བོད་ཀྱི་ལྷོ་ཕྱོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་སོགས་ལ་ཆུའི་ཐོན་སྐྱེད་ཇི་ལྟར་མཁོ་སྤྲོད་བྱེད་མིན་གྱི་སྐོར་ཡིན། 

གཞན་ཡང་བོད་པའི་ཁ་རྒྱུན་ལ། ཆུ་བཞི་སྒང་དྲུག ཅེས་པའི་ཆུ་བོ་ཆེན་པོ་བཞི་ནི་བོད་ཀྱི་ནུབ་ཕྱོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་དང་བོད་ཀྱི་ལྷོ་ཤར་རྒྱུད་ཀྱི་རྒྱལ་ཁབ། ཐེ་ལེན་ཌ། ལའོ་སེ། ཀམ་པའོ་ཌ་བཅས་སོགས་བརྒྱུད་ནས་མཐར་རྒྱ་མཚོ་ཆེན་མོར་འབབ་བཞིན་ཡོད། ཆུ་བོ་ཆེན་པོ་བཞི་ནི། རྫ་ཆུ། རྨ་ཆུ། འབྲི་ཆུ། རྒྱལ་མོ་རྔུལ་ཆུ་བཅས་རེད། །


རྫ་ཆུ་ནི། བོད་མཐོ་སྒང་དབུས་ཀྱི་བྱང་ཤར་ངོས་ཀྱི་གདང་ལ་རི་བརྒྱུད་ནས་འབབ་པའི་ཚེ་ན་རྫ་ཆུ་དང་། རྫ་ཆུ་དང་ངོམ་ཆུ་གཉིས་མདོ་སྟོད་ཀྱི་མདོར་ཟླ་བསྒྲིལ་གྱིས་རྨར་ཁམས་སོགས་བརྒྱུད་ནས་འབབ་པའི་ཚེ་ཟླ་ཆུ་དང་། དེ་ནས་བྷར་མ། ལའོ་སེ། ཐེ་ལེན་ཌ། ཀམ་པའོ་ཌ་བརྒྱུད་ནས་འབབ་པའི་ཚེ་ཆུ་བོ་མེ་ཀོང་ (Mekong) 14 ཞེས་འབོད་པ་དང་སྤྱི་ལེ་༤༣༥༠་ 15 འབབ་བཞུར་གྱིས་མཐར་རྒྱ་མཚོར་འདྲེས་བཞིན་ཡོད།  

རྨ་ཆུ་ནི།  མཚོ་སྔོན་ཞིང་ཆེན་དཀྱིལ་རྒྱུད་ཀྱི་རི་བོ་བྰ་ཡན་ཧ་རི་ནས་འགོ་བཙུགས་ཏེ་16  ཀླུང་ཆུ་དང་། སམ་ཆུ་སོགས་དང་ཟླ་བསྒྲིལ་ནས་ནང་སོག་དང་རྒྱ་ནག་གི་ཞིང་ཆེན་ཀན་སུ། ནིན་ཤ། ཧྲིད་ནན་ལ་སོགས་བརྒྱུད་ནས་འབབ་པའི་ཚེ་གཙང་པོ་སེར་པོ་(Yellow River) ཞེས་དང་།17  རྒྱ་ནག་གི་ཆུ་བོའི་མ་ཡུམ་ཞེས་པའི་གྲགས་སྙན་དང་། (Mother  River of china) རྒྱ་ནག་གི་མེས་པོའི་དཔལ་ཡོན་དར་སའི་གཞི་མ་ལྟ་བུར་ (The cradle of Chinese Civilization) ཡང་འབོད་བཞིན་ཡོད།18  ཁྱོན་སྤྱི་ལེ་ ༥༤༦༤ 19 འབབ་བཞུར་དང་རྒྱ་ནག་ནང་གི་ཆུ་བོ་རིང་ཤོས་གཉིས་པ། འཛམ་གླིང་ནང་ནས་ཆེས་རིང་ཤོས་ཀྱི་ཆུ་བོ་བདུན་པ།20 ། ཆུ་བོའི་གཞུང་རྒྱུད་དུ་རྒྱ་ནག་མི་མང་ས་ཡ་ ༡༨༩ 21  འཚོ་སྡོད་དང་རྒྱ་ནག་གི་ཞིང་པའི་བརྒྱ་ཆ་ ༡༥%22  ལ་ཆུའི་ཐོན་ཁུངས་མཁོ་སྤྲོད་ཀྱིས་དེ་དག་གི་འདོད་བློ་བསྐངས་ནས་མཐར་ཤར་རྒྱ་མཚོའི་ནང་དུ་ངལ་གསོ་བཞིན་ཡོད། 

འབྲི་ཆུ་ནི། བྱང་ཤར་གདང་ལ་རི་རྒྱུད་ལས་བབས་ནས་རྒྱ་ནག་དྲུང་ཅིན་དང་། ནན་ཅིན་དང་ཧྲང་ཧད་སོགས་བརྒྱུད་ནས་འབབ་པའི་ཚེ་ཆུ་བོ་ཡང་ཙེ་ཀྱང་(Yangtze River) ཟེར། ཆུ་བོ་དེ་ཉིད་ནི་ཨེ་ཤ་ཡའི་ནང་ནས་རིང་ཤོས་དང་རྒྱལ་སྤྱིའི་ནང་ནས་རིང་ཤོས་གསུམ་པ། ཁྱོན་སྤྱི་ལེ་ ༦༣༠༠ འབབ་བཞུར་དང་ཆུ་བོ་དེའི་གཞུང་རྒྱུད་དུ་རྒྱ་ནག་གི་མི་འབོར་གསུམ་ཆ་གཅིག་འཚོ་སྡོད་23  དང་རྒྱ་ནག་གི་ས་ཆའི་དུམ་བུ་ལྔའི་ཆ་གཅིག་ལ་ཆུའི་ཐོན་སྐྱེད་24  25 དང་རྒྱ་ནག་རྒྱལ་ནང་གི་ཐོན་སྐྱེད་རྩ་འབོར་ (PRC,s GDP) གྱི་བརྒྱ་ཆ་ ༢༠% འབྲི་ཆུར་བརྟེན་26  ཡོད་ཅིང་སྐྱེ་འགྲོ་དུང་ཕྱུར་མང་པོར་ཚེ་སྲོག་བྱིན་ནས་མཐར་རྒྱ་མཚོར་འབབ་བཞིན་ཡོད།

རྒྱལ་མོ་རྔུལ་ཆུ་ནི། གདང་ལའི་ལྷོ་ཕྱོགས་ནས་འབབ་བཞིན་ནག་ཆུ་དང་། འབྲི་རུ། སྦྲ་ཆེན། ལྷོ་རོང་། དཔའ་ཤོད། མཛོ་སྒང་སོགས་བརྒྱུད་ནས་འབབ་པའི་ཚེ་རྒྱལ་མོ་རྔུལ་ཆུ་དང་བོད་ཀྱི་ཆུ་ཆེན་གཉིས་པར་གྲགས་ཤིང་། དེ་ནས་བྷར་མའི་ཡུལ་ལུང་བརྒྱུད་ནས་འབབ་པའི་ཚེ་ཆུ་བོ་སར་སྦུན་(Salween) ཞེས་གྲགས། ཁྱོན་སྤྱི་ལེ་ ༢༤༠༠ འབབ་བཞུར་དང་ཆུ་བོ་སར་སྦུན་གྱི་གཞུང་རྒྱུད་དུ་བྷར་མའི་མི་འབོར་བརྒྱ་ཆ་ ༤༢% 27  ལ་འཐུང་ཆུ་དང་ཞིང་ལས་སོགས་ལ་མཁོ་བའི་ཆུའི་ཐོན་སྐྱེད་སྐྲུན་བཞིན་ཡོད།

གོང་དུ་འཁོད་པ་རྣམས་ནི་རང་བྱུང་ཁམས་ལ་གཅིག་ཏུ་དགའ་ཞིང་གཅིག་ཏུ་དུངས་པའི་རང་ཅག་རྣམས་ཀྱི་ཡབ་མེས་དམ་པ་རྣམས་ཀྱིས་ཡུན་རིང་དུ་བདག་གཅེས་དང་སྲུང་སྐྱོབ་བྱས་པའི་ཁ་འབབ་བཞི་དང་ཆུ་ཆེན་བཞིའི་འབྱུང་ཁུངས་དང་། ཡུལ་ལུང་། རྒྱལ་ཁབ་གང་དང་གང་དུ་བཞུར་མིན། ཆུ་བོ་དེ་དག་གི་གཞུང་རྒྱུད་དུ་འཚོ་བའི་མི་འབོར་གྱི་གྲངས་ཚད། ཆུའི་རིང་ཚད་སོགས་དེང་དུས་ཀྱི་ཉམས་ཞིབ་པ་དང་ཚན་རིག་པ་སོགས་ཀྱི་སྙན་ཐོ་དང་ཆུ་བོ་དེ་དག་གང་དུ་བཞུར་བཞིན་ཡོད་མེད་ཀྱི་ས་ཁྲ་ 28  29 སོགས་ལ་ཞིབ་ཏུ་བཀླགས་པ་དང་བལྟས་ཚེ། དངོས་གནས་མཐོ་སྒང་གི་བོད་འདི། གོལ་ལ་ཧྲིལ་པོའི་མི་འབོར་ཆེ་ཤོས་གཉིས་ཏེ་རྒྱ་དཀར་ནག་གི་མི་མང་དུང་ཕྱུར་མང་པོའི་འཚོ་རྟེན་གྱི་གཞི་མ་དང་། ལྷོ་ཤར་ཨེ་ཤ་ཡའི་ཆུ་མཛོད། ཨེ་ཤ་ཡའི་སྲོག་རྩ་ལ་སོགས་པའི་སྡོམ་ཚིག་དེ་དག་ལ་ཡིད་ཆེས་དང་བདེན་དཔང་ལྷག་པར་རྙེད་ཐུབ། 

བོད་གཞུང་ཕྱི་དྲིལ་ཁོར་ཡུག་ཉམས་ཞིབ་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་གྱིས་ཉེ་ཆར་( 2015.3.22 )འཛམ་གླིང་གི་ཆུའི་ཉིན་མོར་མེག་གྷན་ཉིན་སློབ་ཏུ་གཏམ་བཤད་སྐབས། བོད་སྐམ་ན། ཨེ་ཤ་ཡ་ཤི། ཟེར་བའི་བརྗོད་གཞི་དང་། ཨེ་ཤ་ཡའི་ཆུ་བོའི་ཆགས་འཇིག་མཐོ་སྒང་བོད་ཀྱི་ཁོར་ཡུག་ལ་བརྟེན། ཟེར་བའི་སྡོམ་ཚིག དེ་བཞིན་དུ་ཨེ་ཤ་ཡའི་ཆུ་མཛོད་ཨེ་ཤ་ཡའི་སྲོག་རྩ་ཡིན། ཞེས་པ་སོགས་ནི་བསམ་གཞིག་ཞིབ་མོ་བཏང་བའི་རླབས་ཆེན་གྱི་སྡོམ་ཚིག་ཏུ་ངོས་འཛིན་གཞི་ནས་ཐོབ་པ་དང་། མཐོ་སྒང་བོད་ཀྱི་ཁོར་ཡུག་དང་ཆུ་ཆེན་རྣམས་ནི་བོད་མི་རྩམ་ཟན་ས་ཡ་དྲུག་ཙམ་ལ་དབང་བའི་གནད་དོན་དང་གལ་གནད་ཙམ་མ་ཡིན་པར་ང་ཚོའི་ཁྱིམ་མཚེས་རྒྱ་དཀར་ནག་གཉིས་ཀྱིས་མཚོན་སྐྱེ་འགྲོ་དུང་ཕྱུར་མང་པོའི་ཚེ་སྲོག་དང་འབྲེལ་བ་དམ་ཟབ་ཡོད་པས་ཨེ་ཤ་ཡའི་མངའ་ཁུལ་གྱི་ནང་ནས་ཆེས་གལ་གནད་ཆེ་བའི་རྒྱལ་ཁམས་ཤིག་ཏུ་ངོས་འཛིན་བྱེད་རིན་ཡོད་པ་དང་། མིང་དོན་མཚུངས་པའི་དོན་དམ་པའི་ཨེ་ཤ་ཡའི་ཆུ་མཛོད་ཆེན་མོའི་མཚན་སྙན་མཐོ་སྒང་བོད་ཉིད་ལས་གཞན་གང་ལ་འོས་བབ་མ་མཆིས་སྙམ།

འོ་ན་མཐོ་སྒང་བོད་དེ་ཉིད་ཨེ་ཤ་ཡའི་ཆུ་མཛོད་ཡིན་ན། མཐོ་སྒང་བོད་ཀྱི་ཆུ་ཆེན་དང་ཁོར་ཡུག་འབག་བཙོག་གི་རྐྱེན་པས་དཀའ་ངལ་གང་ཞིག་འཕྲད་བཞིན་ཡོད་དམ། གང་ཞིག་འཕྲད་ངེས་ཡིན་ནམ་ཞེ་ན།


ག༽ བོད་ཀྱི་ཆུ་ཆེན་གྱི་འབག་བཙོག་དང་། མི་མང་དུང་ཕྱུར་གྱི་ངུ་འབོད།

དཔྱད་གཞིའི་ལུང་ཁུངས།


1  Walter Immerzeel, Jetse  Stoorvogel and John Antle, Can Payments for ecosyterm services secure the water tower of Tibet? Agricultural systems 96 (2008) 52-63

2 ཇོ་བོས་མཛད་པའི་དཀོན་མཆོག་འབངས་ཀྱི་སྐྱེས་རབས་ལས། 

3 ཞྭ་སྒམ་པ་དབང་ཕྱུག་གིས་མཛད་པའི་བོད་ཀྱི་སྲིད་དོན་རྒྱལ་རབས། ཤོག་གྲངས། ༢༢ དང་། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་ནས་པར་འགྲེམས་ཞུས་པའི་བོད་མཐོ་སྒང་ཐོག་གི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན། ཤོག་གྲངས། ༡༡

4བོད་ཀྱི་སྲིད་དོན་རྒྱལ་རབས་ལས། ཤོག་གྲངས། ༢༣

5 Environmental Degradation on the Tibetan Plateau. http:/www.tibetanwoman.org

6 www.mtholyoke.edu/brahamaputra/river basin.

7 www.mtholyoke.edu/brahamaputra/river basin.

8 En.m.wikipedia.org/bramhamaputra/river

9 www. Britannica.com/Ganges-river. By Denyck lodrick 10-31-2014

11 www.mapsofindia.com/maps/river/sutlej/

12 www.em.m.wikipedia.org/wiki/indus_river/

13 བོད་གཞུང་ཕྱི་དྲིལ་ཁོར་ཡུག་སྡེ་ནས་འགྲེམས་སྤེལ་བྱས། བོད་མཐོ་སྒང་ཐོག་གི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན།

14 བོད་ཀྱི་སྲིད་དོན་རྒྱལ་རབས་དང་དུང་དཀར་ཚིག་མཛོད། en.m.wikipedia.org/wiki/Mekong

15 en.m.wikipedia.org/wiki/Mekong

16 དུང་དཀར་ཚིག་མཛོད་ཆེན་མོ། 

17 བོད་ཀྱི་སྲིད་དོན་རྒྱལ་རབས་དང་།  en.m.wikipedia.org/wiki/yellow_river

18 wwf.panda.org/yellow_river

19 en.m.wikipedia.org/wiki/yellow_ river

20 en.m.wikipedia.org/wiki/yellow _river

21 wwf.panda.org/yellow_river

22 www.china.org.cn<Environment>news 

23 en.m.wikipedia.org/wiki/yangtse

24 en.m.wikipedia.org/wiki/yangtse

25   བོད་གཞུང་ཕྱི་དྲིལ་ཁོར་ཡུག་སྡེ་ནས་འགྲེམས་སྤེལ་བྱས། བོད་མཐོ་སྒང་ཐོག་གི་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན། ཤོག་གྲངས། ༡༢་༡༣

26 en.m.wikipedia.org/wiki/yangtse   

29 www.worldlast.com