༄༅།།ལྷོ་ཤར་ཨེ་ཤ་ཡའི་འཇིགས་སྣང་གསོན་པོ

རྩོམ་པ་བོ།
བློ་གྲོས་ཆོས་བཟང་།


ཅ༽ མཇུག་སྡོམ་ཐུང་ངུ་།

སྤྱིར་འཛམ་གླིང་གཙང་ན། འགྲོ་བ་བདེ། སྒོས་མཐོ་སྒང་བོད་གཙང་ན། ཨེ་ཤ་ཡ་གཙང་། དེ་བཞིན་ང་ཚོ་ལ་སང་ཉིན་ཡོད་ལ། མ་འོངས་པ་དེ་བས་ཀྱང་ཡོད། དེས་ནས་ཅིའི་ཕྱིར། ང་ཚོས་ཡོད་ཚད་དེ་རིང་གི་ཆེད་དུ་གཏོང་དགོས་པ་རེད་དམ། ང་ཚོས་རི་ཁོག་མེད་དང་། ས་བཅུད་མེད། ཆུ་སྙོགས་ཆུ། རླུང་འབག་བཙོག་བཟོས་ཏེ་མ་འོངས་པའི་ང་ཚོའི་བུ་རབས་ཚ་རྒྱུད་དང་འགྲོ་བ་རྣམས་ཀྱིས་ཅི་ཞིག་ལ་རོལ་དགོས་མིན་གྱི་བསམ་ཤེས་མི་བྱེད་པ་རེད། 

ཅིའི་ཕྱིར། ང་ཚོས་དགོས་མཁོ་དང་མཐུན་པའི་རང་བྱུང་ཁོར་ཡུག་ལ་རོལ་མི་ཐུབ་པ་རེད། 

ཅིའི་ཕྱིར། ང་ཚོས་འདོད་རྔམ་ཅན་དང་འགྲན་རྩོད་ཅན་གྱི་དཔལ་འབྱོར་གྱི་རྗེས་སུ་བརྒྱུགས་ནས་གོ་ལ་ཧྲིལ་པོར་བཤུ་གཞོག་གཏོང་བཞིན་ཡོད། 

ཅིའི་ཕྱིར། ང་ཚོ་རྨོངས་པར་ཚུད་ནས་གོ་ལ་ཧྲིལ་པོའི་རང་བྱུང་ཁམས་ལ་རྫོགས་པའི་མཐའ་ཡོད་པ་མ་ཤེས་པ་རེད་དམ། 

ཤེས་བཞིན་དུ་ཁྲམ་པ་དང་ཁྲེལ་མེད་ཀྱི་དབང་དུ་སོང་ནས་བཤུ་གཞོག་གཏོང་བཞིན་ཡོད། གོ་ལ་ཧྲིལ་པོ་ལགས། ཁྱོད་ཀྱིས་ང་ཚོར་གནང་རྒྱུ་དང་བཟོད་བསྲན་མང་དྲགས་སོང་། ཁྲེལ་གཞུང་མེད་པའི་ང་ཚོས་ཁྱོད་ལས་འཕྲོག་རྒྱུ་མང་དྲགས་སོང་། ། ཁྱོད་ཀྱི་རང་བྱུང་ཁམས་ཀྱི་ཐོན་ཁུངས་ལ་རྗོགས་པའི་མཐའ་ཡོད་ལ། ཁྱོད་འུ་ཐུག་པའི་དུས་ཀྱང་ཡོད་པས། ངས་འགྲོ་བ་བསམ་མེད་དང་གོ་མེད། རྒྱས་སྤྲོས་ཅན་དང་འདོད་རྔམས་ཅན་གྱི་ཚབ་བྱས་ཏེ་མ་ཡུམ་གོ་ལ་ཧྲིལ་པོ་ཁྱོད་ལ་དགོངས་དག་ཞུ་རྒྱུ་དང་། ཅུང་བཟོད་བསྲན་གྱིས་དང་། ང་ཚོ་ཉམ་ཆུང་གི་སྐྱེས་བུ་འབུམ་ཕྲག་མང་པོ་ཞིག་གིས་ཁྱོད་ཀྱི་ཚེ་སྲོག་སྐྱོབ་པར་སྲོག་འབེན་ལ་འཛུགས་བཞིན་ཡོད། ཅུང་ཙམ་སྒུགས་དང་། འོང་ངེས་ཡིན།