༄༅།།གནའ་བོའི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་འབྲེལ་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་གླེང་བ།


རྩོམ་པ་པོ།
ཁྲི་གཡུང་དྲུང་།

གཉིས་པ། གནའ་བོའི་བོན་གཞུང་དང་འབྲེལ་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས།


གནའ་བོའི་ཞང་ཞུང་བོན་ལུགས་ལྟར་ལྷོ་གཏེར་གྱི་ཐེག་པ་རིམ་པ་དགུ་7 ལས་རྒྱུ་ཡི་ཐེག་པ་བཞི་ཡི་ཁོངས་སུ་གཏོགས་པའི་ཀླུ་མཆོད་གཏོང་པ་དང་འཇིག་རྟེན་གྱི་ཡུལ་ས་གཞི་བདག་ལ་བསང་མཆོད་གཏོང་པ་དང་ལབ་ཙེ་བསྟོད་པ་མགྲོན་བཞིའི་མཆོད་པ་8 གང་མཉེས་འབུལ་བ་སོགས་ལས་ས་བདག་སྟོབས་པོ་ཆེ་དེ་རྣམས་ལ་མཆོད་བཀུར་ཞུ་སྟངས་ཀྱི་རིག་གནས་དེ་དག་ནི་གནའ་བོའི་སྲིད་པའི་བོན་གྱི་དཔེ་རྙིང་<<ཀླུ་འབུམ་དཀར་ནག་ཁྲ་གསུམ་>>9 དང་། <<ས་བདག་འཁྲུགས་བཅོས།>>  <<གནམ་ས་སྣང་བརྒྱད།>>  <<ས་བདག་ཀླུ་གཉན་གདོན་ཁྲོལ།>> 10  <<ཀླུ་མཆོད་འོ་མའི་རྒྱ་མཚོ་>>བཅས་ལས་རང་བྱུང་གི་སྐྱེས་ཁམས་རི་ར་བ་ནགས་ཚལ་བཅས་ལ་སྲུང་སྐྱོབ་ཞུ་སྟངས་དང་། དེ་དག་ལ་བདག་གིར་མཛད་པའི་ས་བདག་ཀླུ་གཉན་རྣམས་ལ་མཆོད་བསྟོད་ཞུས་ན་ནང་གི་སེམས་ཁམས་དང་ཕྱི་རང་བྱུང་གི་ཁོར་ཡུག་ཞི་བདེ་ལྷིང་འཇགས་སུ་གནས་པར་གསུངས་ཡོད།

དེ་ལས་<<ས་བདག་གཉན་ལམ་སྡེ་བཞི་11 >>ཞེས་པ་ལས། “འཇིག་རྟེན་གྱི་ཁམས་ལ་ཀླུ་དབང་ཆེ་སྟེ།  སེམས་ཅན་རྣམས་ཀྱི་ཁ་ལོ་ཀླུས་བསྒྱུར་བ་ཡིན། སེམས་ཅན་རྣམས་ཕྱུག་པའང་ཀླུ་ཡིན། དབུལ་བ་ཡང་ཀླུ་ཡིན། བུ་མང་པ་ཡང་ཀླུ་ཡིན། བུ་མེད་པ་ཡང་ཀླུ་ཡིན། ནོར་མང་པ་ཡང་ཀླུ་ཡིན། མེད་པ་ཡང་ཀླུ་ཡིན། ནད་མེད་པ་ཡང་ཀླུ་ཡིན། ཉུང་བ་རྣམས་ཡང་ཀླུ་ཡིན། བཀྲག་མདངས་བཟང་བ་ཡང་ཀླུ་ཡིན། ངན་པ་ཡང་ཀླུ་ཡིན། མཐུ་ཆེ་བ་ཡང་ཀླུ་ཡིན།  བོན་མཁས་པ་ཡང་ཀླུ་ཡིན། རིག་པ་ཆེ་བ་ཡང་ཀླུ་ཡིན།  ཆུང་བ་ཡང་ཀླུ་ཡིན། བསམ་པ་འགྲུབ་པ་ཡང་ཀླུ་ཡིན་”12 ཞེས་གསུངས་ཡོད་པ་ལྟར་ཕྱིའི་སྣོད་གཡོ་བ་ས་འཁྲུགས་སོགས་བྱུང་བ་རྣམས་ཀྱང་ཀླུས་མཛད་པ་ཡིན་པས་ཀླུ་ལ་ཅིས་ཀྱང་མཆོད་པ་ཞུ་དགོས་པ་སོགས་ཀྱི་བཅོས་མིན་གྱི་སེམས་པ་བཟང་པོ་དེ་ཡང་བོད་རང་ལ་གནའ་ནས་ལྷན་སྐྱེས་སུ་ཡོད་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་རིག་གནས་འདུ་ཤེས་ཁྱད་པར་ཅན་ཞིག་ཡིན་པར་སེམས།

དེ་བཞིན་དུ་མཛད་མདོ་རྒྱས་པའི་ཡིག་ཆ་<<གཟི་བརྗིད་>>ཅེས་པ་ལས། “འཇིག་རྟེན་མངའ་དབང་བདག་པོ་ནི། ཀླུ་ལས་དབང་ཆེ་བ་གཅིག་ཀྱང་མེད། དེ་ཕྱིར་ཆགས་འཇིག་ཡོད་མེད་ཀྱང༌། གང་དང་སྟོང་དང་འཕེལ་འགྲིབ་སོགས། ལེགས་ཉེས་ཀུན་ཀ་ཀླུ་ལས་བྱུང༌། ཐམས་ཅད་རྩ་བ་ཀླུ་ལས་རག དེ་ཕྱིར་འགྲོ་བ་ལྷ་མི་ཡང༌། མངའ་དབང་ཀླུ་ལ་བརྟེན་ན་ལེགས། བསྟན་པ་རིན་ཆེན་ཆགས་གནས་ཀྱང༌། ས་བདག་ཀླུ་གཉན་གཏོད་ལས་རག”13 ཅེས་དང་།

ཡང་གནའ་བོའི་ཡིག་རྙིང་དུ་གྲགས་པ་<<གཙུག་ལག་དཔལ་འབུམ་དཀར་པོ་ >>ལས། “འཇིག་རྟེན་ཁམས་ཀྱི་འགྲོ་བ་ལ། །དབང་བསྒྱུར་མཐུ་རྩལ་རྫུ་འཕྲུལ་ནི། །ས་བདག་རྣམས་བས་ཆེ་བ་མེད༌།”14 ཅེས་དང་། དེ་བཞིན་<<གནམ་ས་སྣང་བརྒྱད་ཀྱི་མདོ་>>ལས་ཀྱང༌། “གནམ་ས་གཉིས་ལ་དབང་བྱེད་པ་ཡི། ས་བདག་དང༌། སྡེ་བརྒྱད་ལྷ་ཀླུ་མཐུ་བོ་ཆེ།”།15 ཞེས་ས་ཡི་བདག་པོ་ནི་ཀླུ་རིགས་རྣམས་ཡིན་ལ་དེ་དག་ལ་གནོད་པའི་ལས་བྱས་ན་རང་བྱུང་ཁམས་ལ་རང་བཞིན་གྱིས་གནོད་འཚེ་འབྱུང་བ་ཡང་ཆོས་ཉིད་ལྟ་བུ་ཡིན་ཏེ།  <<ཀླུ་འབུམ་>>ལས། “མི་ཡིས་གདུག་མ་བྱས་ན། ཀླུ་ཡིས་གདུག་པ་མི་བྱེད་དོ། གལ་ཏེ་མི་ཡིས་གདུག་བྱེད་ན། ཀླུས་ཀྱང་གདུག་པ་འཕྲལ་དུ་བཏང༌།”16 ཞེས་གསུངས་ཡོད་པ་ལྟར་རོ། །

དེ་མིན་མདོས་17 སྐོར་ཀྱི་དཔེ་རྙིང་གྲགས་ཅན་<<གསས་མཁར་རིན་པོ་ཆེ་སྤྱི་སྤུངས་མཁའ་ཀློང་གསང་བའི་མདོས་ཆེན་གྱི་སྣང་སྲིད་ཡོ་བཅོས་ཀྱི་མདོས་ཆེན་>>18 ཞེས་པ་ཡོངས་གྲགས་སུ་“མཁའ་ཀློང་གསང་མདོས་”ཟེར་གྱིན་ཡོད་པ་དེ་རེད། གཞུང་འདིར་འཇིག་རྟེན་རྐྱེན་སེལ་དང་གནས་སྐབས་ཀྱི་ཉེས་སེལ། དེ་མིན་བོན་གྱི་ཐེག་དགུ་ལས་བཤད་པ་ལྟར། “ཕྱ་གཤེན་གྲུབ་སྟེ་ལྷ་འདྲེ་ཡི་མཚན་མ་གྲོལ་བས།  མོས་སྤྱོད་དང་པོའི་དྲོད་ཚད་ཐོབ་པས་སྣང་གཤེན་གྲུབ་སྟེ།  གདོན་ཡས་རང་སར་དག་པ་སྟེ།  མོས་སྤྱོད་གཉིས་པའི་རྩེ་མོ་ཐོབ་པས་འཕྲུལ་གཤེན་གྲུབ་སྟེ།  དགྲ་བགེགས་ཕྱོགས་འཛིན་བྲལ་བས།  མོས་སྤྱོད་གསུམ་པའི་ངོ་བོ་ཐོབ་པས།  སྲིད་གཤེན་གྲུབ་སྟེ།  སྐྱེ་འཆི་ཡི་མཚན་མ་དག་པས་མོས་སྤྱོད་བཞི་ཡི་མཆོག་ཐོབ་སྟེ།  སྙིང་རྗེ་བྱམས་དགའ་བཏང་སྙོམས་བཞི་ཡིས་ཐུགས་རྗེ་ཕྱིར་མི་ལྡོག་པའོ།  །ལུས་ཡོངས་སུ་གཙང་མས་ཤིག་དང་སྲོ་མ་མི་འབྱུང་།  ལུས་ལ་སྲིན་པོའི་རིགས་གང་ཡང་མི་འབྱུང་།  བདུད་ཀྱིས་བསླུ་བས་སླུ་བར་ངོ་ཤེས།  མངོན་པར་ཤེས་པ་ཕྲ་མོ་འཆར། དགེ་བའི་རྩ་བ་གང་བྱེད་ཀྱང་།  འཁོར་གསུམ་ཡོངས་སུ་དག་པའི་སྒོ་ནས་བྱེད་པར་འགྱུར་རོ།”19 ། ཞེས་གསུངས་ཡོད་པ་ལྟར་མདོས་ཆེན་འདི་ཉིད་ལས་དམིགས་བསལ་སྐྱེ་ཁམས་རིག་པའི་སྐོར་ལས་འཕྲོས་ཏེ་སྣང་སྲིད་སྣོད་བཅུད་ལ་སྲུང་སྐྱོབ་བྱེད་སྟངས་ཀྱི་འདུ་ཤེས་གནའ་བོའི་སྲོལ་རྒྱུན་ལྟར་བྱུང་ཡོད་པ་ནི། ཡ་ཐོག་མེས་པོ་རྣམས་ཀྱིས་རང་བྱུང་ཁམས་ལ་ལྷན་སྐྱེས་ཀྱི་རིག་པ་ཕྲ་མོའི་ལམ་ནས་བརྟག་དཔྱད་བྱས་ཏེ། གཙོ་བོ་རང་བྱུང་ཁམས་ལ་དབང་མཛད་པའི་འཇིག་རྟེན་ཡུལ་ལྷ་མཐུ་རྩལ་ཅན་སྣ་ཚོགས་པ་དང་། གཡེན་ཁམས་ཀྱི་ལྷ་རིགས་རྣམ་པ་ཅི་རིགས་ཡོད་པ་དེ་དག་ལ་ཅི་བགྱིས་ལྟར་མཆོད་པ་དང་བརྩི་སྲུང་བྱས་ཏེ། ལྷ་ཚོགས་དེ་དག་གིས་ཀྱང་མི་ལ་མགོན་དང་དཔུང་གཉེན་དང་སྡོངས་གྲོགས་སོགས་གནང་པས་རང་བཞིན་གྱི་རང་བྱུང་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་མེད་པ་སོགས་བྱུང་ཡོད་པ་ཡང་ཆེས་ཚད་མཐོ་བའི་གནའ་བོའི་སྲོལ་རྒྱུན་གྱི་ཁོག་ཡུག་སྲུང་སྐྱོབ་ཀྱི་རིག་པ་ཞིག་ཏུ་འཁུམས།

དེ་ལྟར་འཇིག་རྟེན་ཡུལ་ས་གཞི་བདག་བརྟན་མ་བཅུ་གཉིས་དཔལ་མགོན་བདུན་ཅུ་སོགས་ལ་བསང་མཆོད་གཏོང་པ་20 དང་མཆོད་པ་འབུལ་བ་ལབ་ཙེ་21 བསྟོད་པ་སོགས་ཀྱི་ཆོ་ག་རྣམས་ཀྱང་བོད་ཀྱི་སྐྱེ་ཁམས་རིག་པའི་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་འབྲེལ་བ་ཆེས་ཟབ་པའི་གནའ་བོའི་བོད་རང་གི་རིག་གནས་ཕུན་སུམ་འཚོགས་པ་ཞིག་ཡིན་པར་སྔོན་ཞུས་ལྟར། ཡུལ་ས་གཞི་བདག་ལ་མཆོད་པ་སོགས་བྱས་པས་རང་བྱུང་གི་སྲིད་པའི་རི་ཀླུང་དང་། རྒྱུ་མཐུན་གྱི་སྲིད་པའི་ལྗོན་ཤིང་བཟང་པོས་རང་བཞིན་ཡེ་སྲིད་ཀྱི་རླུང་ཁམས་གཙང་མར་གནས་པར་བྱེད་ཅིང་།22 དེས་སྐྱེ་བོའི་སེམས་ཅན་ཀུན་གྱི་སྲོག་དབུགས་གཏོང་ལེན་ལ་རམ་འདེགས་བྱས་ཏེ་འབྱུང་ཁམས་ཆ་སྙོམས་ལ་གནས་པ་དང་ཚེ་བསྲིངས་བར་བྱེད་པ་དང་། གྲིབ་བསིལ་འཇམ་པོས་ངལ་གསོ་བར་བྱེད་པ་དང་། ལྷག་པར་རྩི་ཤིང་དང་མེ་ཏོག་སོགས་བསྐྱེད་བསྲིང་ལེགས་པོ་བྱས་པས་ཆར་ཆུ་དུས་སུ་འབེབས་ཤིང་། ལོ་ཕྱུགས་རྟག་ཏུ་ལེགས་པ་དང་། འབྱུང་བཞིའི་ཚ་གྲང་སྙོམས་པ། ཡུལ་ཁམས་བལྟ་ན་སྡུག་ཅིང་མཛེས་ཉམས་ལྡན་པ། “ཁོར་ཡུག་ཐམས་ཅད་ཡིད་དུ་འོང་ཞིང་ཉམས་དགའ་བའི་གནས་དེར་ཕྱིའི་ལྗོངས་རྒྱུ་བ་དག་ཀྱང་རྒྱུན་མི་ཆད་པར་ཡོང་ནས་བདེ་སྐྱིད་ཀྱི་ཚོར་བ་སྤྲོད་པ་དང་ཤེས་རིག་འཕེལ་རྒྱས། དཔལ་འབྱོར་འདུ་འགོད་”23 སོགས་ཀྱང་ངང་གིས་འབྱུང་བ་སོགས་ཀྱི་དགེ་མཚན་ལྡན་པ་ཡིན་ནོ། །

གསུམ་པ། གནའ་བོའི་སྲོལ་རྒྱུན་དང་འབྲེལ་བའི་ཁོར་ཡུག་སྲུང་སྐྱོབ་མ་བྱས་པའི་ཉེས་དམིགས།


དཔྱད་གཞིའི་ལུང་ཁུངས།


7 ལྷོ་འབྲུག་མཚམས་ཐལ་ཀ་ནས་གཤེན་ཆེན་ཀླུ་དགས་གཏེར་ནས་བཞེས་པའི་རྒྱུ་མཚན་གྱིས་ཟེར།

8 མགྲོན་བཞི་སྟེ་སྲི་ཞུའི་མགྲོན་ནི། དུས་གསུམ་གྱི་བདེར་བར་གཤེགས་པ། ཡོན་ཏན་གྱི་མགྲོན་ནི། བཀའ་ཡི་ལྷ་མ་སྲིན་སྡེ་བརྒྱད། ལན་ཆགས་ཀྱི་མགྲོན་ནི། འཇིག་རྟེན་གྱི་དཔལ་མགོན་བདུན་ཅུ་རྩ་གཉིས། སྙིང་རྗེའི་མགྲོན་ནི། འགྲོ་བ་རིགས་དྲུག་གི་སེམས་ཅན་བཅས་སོ།

9 ཀླུ་འབུམ་དཀར་ནག་ཁྲ་གསུམ། སྟོན་པ་གཤེན་རབ་ཀྱི་བཀའ།  ༢༠༡༠ལོར་ན་གྲོལ་ལྷ་སྲས་མི་ཕམ་ཚོགས་གཉིས་རྣམ་རྒྱལ་རྒྱ་མཚོས་རྒྱ་ནག་ཁྲིན་ཏུའུ་ནས་དཔར་དུ་བསྐྲུན།

10 བོན་གྱི་གནའ་དཔེ་བྲིས་མ་དཔར་སློག་ཅན། དོལ་པོ་བསམ་གླིང་དགོན་པའི་དཔེ་རྙིང་གྲས་སུ་བཞུགས།

11 ཉེ་ལམ་རྒྱལ་པོ་སྡེ་བཞི་ནི། ཀླུ། གཉན། གཏོད། ས་བདག་བཅས་སོ།

12 ཉེ་ལམ་རྒྱལ་པོ་སྡེ་བཞིའི་གསུང་པོད། གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས། པོད་ཨང་༡༤། ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང༌། དབྱིན་ཨང་ཤོག་ངོས་༤༠ལས་གསལ།

13 དྲི་མེད་གཟི་བརྗིད༌། པོད་ཨང་བརྒྱད་པ། སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་རྒྱུད། ༢༠༠༠ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང༌གིས་དཔར་དུ་བསྐྲུན་པའི་དེབ་གཟུགས་ཀྱི་ཤོག་ངོས་༨༡ལས་གསལ།

14 དཔལ་འབུམ་དཀར་པོ་བཞུགས་པའི་དབུ་ཕྱོགས། སྟོན་པ་གཤེན་རབ་ཀྱི་བཀའ། པོད་༡༤༣། ཀུན་གྲོལ་ལྷ་སྲས་མི་ཕམ་ཚོགས་གཉིས་རྣམ་རྒྱལ་རྒྱ་མཚོས་རྒྱ་ནག་ཁྲིན་ཏུའུ་ནས་དཔར་དུ་བསྐྲུན། དཔེ་གཟུགས་ཀྱི་ཤོག་ངོས་༡༨པ་ལས་གསལ།

15 གནམ་ས་སྣང་བརྒྱད་ཀྱི་མདོ་འགྲོ་ལ་ཕན་ཕྱིར་ཀོང་ཙེས་ཞུས་པ། ཀུན་གྲོལ་ལྷ་སྲས་མི་ཕམ་ཚོགས་གཉིས་རྣམ་རྒྱལ་རྒྱ་མཚོས་རྒྱ་ནག་ཁྲིམ་ཏུའུ་ནས་དཔར་དུ་བསྐྲུན། དཔེ་གཟུགས་ཀྱི་ཤོག་ངོས་༣པ་ལས་གསལ།

16 རྣམ་པར་དག་པའི་འབུམ་བཞི་ལས་གཙང་མའི་ཀླུ་འབུམ། སྟོན་པ་གཤེན་རབ་ཀྱི་བཀའ། པོད་ཨང་༡༣༩། ཀུན་གྲོལ་ལྷ་སྲས་མི་ཕམ་ཚོགས་གཉིས་རྣམ་རྒྱལ་རྒྱ་མཚོས་རྒྱ་ནག་ཁྲིན་ཏུའུ་ནས་དཔར་དུ་བསྐྲུན། དཔེ་གཟུགས་ཤོག་ངོས་༥༣ལས་གསལ།

17 མདོས་ཞེས་པའི་གོ་དོན་ནི། བསླུ་བྱ་གང་ཞིག་གི་ཆེད་དུ་དམིགས་ཏེ་འཇིགས་རྟེན་གྱི་གཏོས་དང་སྦྱར་ནས་བཞེངས་པའི་མི་འཚེ་བའི་ཡས་སྟགས་ཀྱི་ཕུང་པོ་ཞིག་ལ་ཟེར། དེ་ལ་དབྱེ་ན་ཕྱི་མདོས་དང་། ནང་མདོས། གསང་མདོས། བཟློག་མདོས། བསད་མདོས་དང་ལྔ་ཡོད།

18 མཁའ་ཀློང་གསང་མདོས། འོལ་སྒོམ་ཕུག་པའི་གཏེར་མ། བོན་གྱི་བཀའ་རྟེན་དཔེ་ཚོགས། ༡༩༩༤ལོར་རྒྱ་ནག་ཁྲིན་ཏུའུ་ནས་དཔར་དུ་བསྐྲུན།

19 མན་ངག་དང་གསང་སྔགས་གནད་ཀྱི་རྫོང་འཕྲང་། དེབ་གཟུགས་ཅན། ༢༠༡༥ལོའི་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དཔར་མ། ཤོག་ངོས་༡༤༩ལས་གསལ།

20 བོན་ལུགས་ལྟར་གྱི་བསང་མཆོད་སྐོར་གྱི་ཕྱག་དཔེ་བསང་མཆོད་ཡིད་བཞིན་ནོར་བུ་དང་མཁྱེན་གསོལ་རྣམ་དག་བདུད་རྩིའི་ཆུ་རྒྱུན་སོགས་ཡོད།

21 འདིའི་སྐོར་ལ་ཁོ་བོའི་དཔྱད་རྩོམ་<<གནའ་བོའི་བོན་ལུགས་དང་འབྲེལ་བའི་ལ་ཙེ་ཡི་སྐོར་ལ་ཞིབ་ཏུ་དཔྱད་པ་>>ཞེས་པ་༢༠༡༢ལོར་འཇར་པན་རྒྱལ་ཁབ་ཏུ་དུ་རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུ་འདུ་ཚོགས་ཐེངས་གསུམ་པའི་སྟེང་སྒྲོག་སྦྱོང་ཞུས་པ་ཞིག་ཡོད།

22 འདི་སྲིད་པ་གསུམ་ཟེར། ཞང་ཞུང་སྲིད་པའི་མཛོད་ཕུགས་ཀྱི་གཞུང་ལྟར་མཛོད་གནས་དང་པོའི་ཁོངས་གཏོགས་སུ་གསུངས་ཡོད་པ་ལྟར་ཡིན།

23 རྒྱལ་དབང་སྐུ་འཕྲེང་བཅུ་བཞི་པའི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་བཀའ་སློབ་ཅིག་གི་གནད་དོན་ལས་བསྡུས་པ་ཡིན།