༄༅།།གནའ་བོའི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་འབྲེལ་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་གླེང་བ།

རྩོམ་པ་པོ།
ཁྲི་གཡུང་དྲུང་།


གསུམ་པ། གནའ་བོའི་སྲོལ་རྒྱུན་དང་འབྲེལ་བའི་ཁོར་ཡུག་སྲུང་སྐྱོབ་མ་བྱས་པའི་ཉེས་དམིགས།

དེ་ཡང་འཇིག་རྟེན་གྱི་ཡུལ་ས་གཞི་བདག་རྣམས་ཀྱི་སྒོ་སྲུང་རི་སྐྱེས་སྲོག་ཆགས་སྣ་ཚོགས་ལ་གནོད་པའི་ལས་བྱེད་པ་དང་། ཁོ་རང་ཚོའི་ལྷིང་འཇགས་དཀྲོག་ནས་རི་བོའི་རྩེ་ནས་ཀི་འདེབས་24 པར་བྱེད་པ་དང་། རྒྱ་མཚོའི་གཏིང་ལ་འུར་རྡོ་བརྒྱག་པ་དང་། གཙང་མའི་ཆུ་མིག་ལུ་མ་ལ་རྩོག་པ་གཏོར་བ་དང་། དེ་བཞིན་དུ་རི་རྒོད་ཐང་རྒོད་ལ་ས་བརྐོ་རྡོ་སློག་བྱེད་པ་དང་། གཙང་རིགས་ཀྱི་ལྷ་རྣམས་ལ་ཐབ་སྲེག་གཞོབ་ཐུལ་དང་། སྐུ་རྟེན་མཆོད་ཆས་གསུང་རབ་རྣམས་ལ་འགོམ་ཡུག་གྲིབ་ཡུག་སོགས་བྱས་པ་དང་།

གཞན་ཡང་དེང་སང་དུག་རྫས་སྣ་ཚོགས་ཀྱི་བཟོ་བསྐྲུན་བྱས་ནས་མཁའ་རླུང་སྦག་བཙོག་གི་ལས་སོགས་འཛེམས་མེད་ཚོད་མེད་དུ་བྱས་པས། གཞི་བདག་དེ་དག་གིས་ཀོ་ལོང་དང་རུ་ཏྲའི་ཆོ་འཕྲུལ་སོགས་ཀྱིས་རྐྱེན་པས་ཡིན་ནམ། རང་བྱུང་ཁོར་ཡུག་ལ་ཡང་རྩྭ་སྐམ་ཆུ་སྐམ་གྱི་ཐན་པ་བྱུང་བ་སོགས་དང་། དེ་མིན་ཚན་རིག་པས་བརྟག་འབྲས་ལྟར་ན་ཡང་“འདས་པའི་ལོ་ངོ་༦༥ནང་ས་མཐོའི་བོད་ཀྱི་འཁྱགས་རོམ་བརྒྱ་ཆ་(༡༨)ཙམ་བཞུར་ཚར་འདུག”ཅེས་དང་། རང་བྱུང་གི་རྩི་ཤིང་ནགས་ཚལ་བཅད་གཏུབ་བྱས་པས་ས་ཡི་བཅུད་ཉམས་པ་དང་། ཆར་ཆུ་དུས་སུ་མི་བབས་པ་དང་། གློ་བུར་གྱི་རླུང་འཚུབ་དྲག་པོ་ལྡང་བ་དང་། ཆུ་ལོག་རྒྱག་པ་དང་། ས་འགུལ་གངས་ཉིལ་བྱུང་བ་དང་དེ་དག་གིས་རྐྱེན་པས་འགྲོ་བ་མི་ཟོག་རྣམས་ལ་ཡང་ནད་མང་པ་དང་ཚེ་ཐུང་བ། དབང་པོ་ཡན་ལག་མི་ཚང་བར་སྐྱེས་པ་དང་། ཞ་ར་འོན་ལྐུགས་ཅན་སོགས་ཀྱི་ནད་རིགས་སྣ་ཚོགས་ཁྱབ་གདལ་དུ་འགྲོ་བ་སོགས་ཀྱི་འགལ་རྐྱེན་སྣ་ཚོགས་འབྱུང་གིན་ཡོད་པ་དེ་ཡང་“བསད་བསད་པ་ཚེ་ཐུང་བའི་ལན་ཆགས། འཕྲོག་འཕྲོག་པ་རྒྱུ་ཟས་ནོར་གྱི་ལན་ཆགས། ལན་ཆགས་མ་འཁུར་བ་དང་། བུ་ལོན་མ་བསུབ་པ་”སོགས་ཀྱི་25 ལས་འབྲས་ལ་བརྩི་སྲུང་དང་རང་བྱུང་ཁོར་ཡུག་ལ་གནོད་འཚེ་བྱས་ཉེས་བྱས་པས་ལན་པ་ཁོ་ན་ཡིན་པར་སེམས།

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་ཁག་ལྟར་ན་ཡང་གནའ་སྔ་མོའི་དུས་སུ་བསིལ་ལྡན་ཁ་བའི་ལྗོངས་དང་སྤྱིར་འཛམ་བུ་གླིང་དུ་འགྲོ་བ་མིའི་གྲངས་འབོར་ཧ་ཅང་ཉུང་བ་དང་བཟོ་ལས་རིག་རྩལ་ཞན་པའི་སྐབས་སུ་ཁོར་ཡུག་ལ་གནོད་སྐྱོན་དེ་ཙམ་ཆེན་པོ་ཡོང་གི་མེད་པ་དང༌། དཔེར་ན་ལོ་ངོ་ཁྲི་གཅིག་ཙམ་གྱི་སྔོན་ལ་འཛམ་གླིང་གི་མི་འབོར་ས་ཡ་ལྔ་ལྷག་ཙམ་ལས་མེད་པ་དང༌། དེ་རྗེས་ལོ་ངོ་གཉིས་སྟོང་གི་ནང་དུ་མི་གྲངས་དུང་ཕྱུར་གཅིག་ལྷག་ཙམ་འཕར་སྣོན་བྱུང་ཡོད་ཅིང༌། དེ་བཞིན་སྤྱི་ལོ་༡༩༥༠་ནས་བརྩིས་པའི་ལོ་ངོ་སུམ་བརྒྱའི་གོང་དུ་འཛམ་གླིང་མི་འབོར་དུང་ཕྱུར་ལྔ་26ལ་ཆགས་ཡོད་པ་དང༌།

དེ་དག་ཚང་མས་ཆེ་ས་ནས་ནགས་ཚལ་དང་གཅན་གཟན་རི་དྭགས་ལ་གནོད་འཚེ་དང་། དུག་གི་རྫས་སྦྱོར་རྡུལ་ཕྲན་གྱི་མཚོན་ཆའི་དུག་རླངས་སྙིགས་རོ་སོགས་བཀག་འགོག་དང་། ཆུང་ས་ནས་ཤོག་སྙིགས་དང་། འགྱིག་ཤོག  ཤེལ་དམ། ཟས་ལྷག་དང་འཐུང་ལྷག ཁ་ལུད་སྣ་ལུད་སོགས་ཀྱི་གད་སྙིགས་རིགས་གང་བྱུང་མང་བྱུང་དུ་གཡུག་པ་དང་། བཙོག་གཅིན་གང་སར་དོར་བ་བཅས་ནི་རང་བྱུང་གི་ཡུལ་གྱི་མཛེས་སྡུག་དང་། གཙང་སྦྲ་དང་འཕྲོད་བསྟེན་ལ་གནོད་བཞིན་ཡོད་པས་ཅིས་ཀྱང་གཟབ་དགོས་སུ་སེམས།

བྱ་སྤྱོད་ཉེས་པ་ཅན་དེ་དག་གིས་རྐྱེན་སྤྱིར་འཛམ་བུ་གླིང་དང་སྒོས་སུ་ང་ཚོའི་སྲོལ་རྒྱུན་རིག་གནས་ལ་ཡང་རང་བཞིན་གྱིས་གཏོར་བཤིག་དང་གུས་མེད་ཚབས་ཆེན་ཞུ་བཞིན་ཡོད་པ་མ་ཟད། མི་སྒེར་སོ་སོའི་ཡུལ་ལྷ་དང་སྐྱེས་ལྷ་ཕྲག་ལྷ་འགོ་བའི་ལྔ་སོགས་ཀྱང་འཁྲིགས་འཛིངས་བྱུང་གིན་ཡོད་པ་དང་། མཐར་སོ་སོའི་ཚེ་སྲོག་ལ་ཡང་གནོད་སྐྱོན་འབྱུང་གིན་ཡོད་པ་བཅས་ལ་བསམ་གཞིགས་ནན་པོ་ཞུ་དགོས་པ་ཡང་གནད་ཅིག་ཏུ་མཐོང།


བཞི་པ། གནའ་བོའི་སྲོལ་རྒྱུན་དང་འབྲེལ་བའི་ཁོར་ཡུག་སྲུང་སྐྱོབ་བྱས་པའི་དགེ་ཕན།


དཔྱད་གཞིའི་ལུང་ཁུངས།


24 འདི་ཡང་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད་པའི་“སྲིད་པའི་མཛོད་ཕུགས་ཀྱི་ཚིག་དོན་གསལ་བར་བྱེད་པའི་འགྲེལ་བ་འཕྲུལ་གྱི་སྒྲོན་མེ་ཞེས་བྱ་བ་”རུ་གསལ་ཡོད། དཔེ་དེབ་དེ་ནི་སྤྱི་ལོ་༢༠༠༥ལོར་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔར་བསྐྲུན་ཞུས་ཡོད།

25 བོན་གྱི་ལན་ཆགས་སྦྱངས་འཇལ་ཞེས་པའི་དཔེ་རྙིང་དེ་རུ་གསལ་ཡོད། ཁ་བྱང་ཆ་ཚང་ལ་“གཅོད་པའི་ལན་ཆགས་སྦྱངས་འཇལ་ཞེས་བྱ་བ་”ཞེས་གསལ། དཔེ་གཟུགས། གོང་མཚུངས་བཀའ་བརྟེན་དཔར་མ།

26 ༢༠༡༥ལོའི་ཟླ་བ་ལྔ་པའི་ནང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་འཕྲིན་དྲ་ངོས་གཞིར་བཟུང་ལས་དྲངས་པ་ཡིན། http://www.tibetnature.net/