ཁྲིམས་ལུགས་ཤེས་བྱ།


༄༅རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅའ་ཁྲིམས།

ལེའུ་དང་པོ། 
བཅའ་ཁྲིམས་འདི་ནི་རི་སྐྱེས་སྲོག་ཆགས་རྩ་ཆེན་དང་རི་སྐྱེས་སྲོག་ཆགས་འཇིག་ཉེན་ཆེ་བ་དག་སྲུང་སྐྱོང་བྱ་ཆེད་དང་།   རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་སྲུང་སྐྱོང་དང་འཕེལ་རྒྱས། ལུགས་མཐུན་གྱིས་བེད་སྤྱོད།      སྐྱེ་ཁམས་དོ་མཉམ་སྲུང་འཛིན་བཅས་ཀྱི་ཆེད་དུ་བཙུགས། རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་རྒྱལ་ཁབ་ལ་དབང་བ་དང་། རྒྱལ་ཁབ་ཀྱིས་ཁྲིམས་ལྟར་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པའི་ལས་ཁུངས་དང་མི་སྒེར་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་འབངས་ལ་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་སྲུང་སྐྱོང་བྱ་རྒྱུའི་འོས་འགན་ཡོད་པ་མ་ཟད། རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་སྲུང་སྐྱོང་བྱ་རྒྱུའི་འོས་འགན་ཡོད་པ་མ་ཟད། རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་གང་འདོད་དུ་བདག་བཟུང་ངམ་གཏོར་སྐྱོར་བཏང་བའི་བྱ་སྤྱོད་དག་ཐེར་འདོན་དང་གཏུག་བཤེར་བྱ་རྒྱུའི་དབང་ཆ་ཡང་ཡོད། 
ལེའུ་གཉིས་པ། 
རི་སྐྱེས་སྲོག་ཆགས་སྲུང་སྐྱོང་། རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་དང་རི་སྐྱེས་སྲོག་ཆགས་འཚོ་སའི་ཁོར་ཡུག་ལ་སྲུང་སྐྱོང་བྱེད་ཅིང་ལས་ཁུངས་སམ་མི་སྒེར་སུ་ཞིག་ཡིན་ཡང་ཁྲིམས་དང་འགལ་ཏེ་སྲོག་ཆགས་རྔོན་པའམ་ཁོར་ཡུག་ལ་གཏོར་སྐྱོན་བྱ་མི་ཆོག རི་སྐྱེས་སྲོག་ཆགས་རྩ་ཆེན་དང་འཇིག་ཉེན་ཆེ་བའི་སྲོག་ཆགས་དག་རྒྱལ་ཁབ་ཀྱིས་གཙོ་གནད་དུ་བཟུང་སྟེ་སྲུང་སྐྱོང་བྱེད། རྒྱལ་ཁབ་ཀྱིས་གཙོ་གནད་དུ་བཟུང་སྟེ་སྲུང་སྐྱོང་རིམ་པ་དང་པོ་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་རིམ་པ་གཉིས་པ་བཅས་རིགས་གཉིས་སུ་བགར་ཡོད། རྒྱལ་ཁབ་ཀྱིས་གཙོ་གནད་དུ་བཟུང་སྟེ་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་ཀྱི་མིང་ཐོ་དང་དེ་བཅོས་སྒྲིག་བྱེད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རི་སྐྱེས་སྲོག་ཆགས་སྲིད་འཛིན་དོ་དམ་ལས་ཁུངས་ཀྱིས་གཏན་འབེབས་བྱ་དགོས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཕུལ་ཏེ་ཆོག་མཆན་བཀོད་རྗེས་སྤྱི་བསྒྲགས་བྱ། རྒྱལ་ཁབ་བམ་ས་གནས་ཀྱིས་གཙོ་གནད་དུ་བཟུང་སྟེ་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་ཡོད་སའི་ཁོར་ཡུག་ལ་འཛུགས་སྐྲུན་རྣམ་གྲངས་གང་རུང་ཞིག་གིས་ཤུགས་རྐྱེན་མི་ལེགས་པ་ཐེབས་སྲིད་ཚེ། འཛུགས་སྐྲུན་ལས་ཁུངས་གང་དེས་ཁོར་ཡུག་ལ་ཤུགས་རྐྱེན་ཅི་ཐེབས་སྙན་ཞུ་ཡི་གེ་ཞིག་འབྲི་དགོས་ཤིང་། ཁོར་ཡུག་སྲུང་སྐྱོང་ལས་ཁུངས་ཀྱིས་ཞིབ་བཤེར་དང་ཆོག་མཆན་འགོད་སྐབས་རིམ་པ་འདྲ་མཚུངས་ཡིན་པའི་རི་སྐྱེས་སྲོག་ཆགས་སྲིད་འཛིན་དོ་དམ་ལས་ཁུངས་ཀྱི་བསམ་འཆར་ཡང་བསྡུ་ལེན་བྱ་དགོས། གལ་སྲིད་རྒྱལ་ཁབ་བམ་ས་གནས་ཀྱིས་གཙོ་གནད་དུ་བཟུང་སྟེ་སྲུང་སྐྱོང་བྱེད་པའི་སྲོག་ཆགས་དག་ལ་སྲུང་སྐྱོང་བྱེད་ཆེད་ཞིང་ལས་ལོ་ཏོག་གམ་ཡང་ན་ཕྱོགས་གཞན་དག་ལ་གྱོང་གུད་བཟོས་ཚེ་ས་གནས་སྲིད་གཞུང་གིས་གྱོང་གུད་གང་བཟོས་པར་སྐྱིན་གསབ་སྤྲོད་དགོས། སྐྱིན་གསབ་བྱེད་ཐབས་ནི་ཞིང་ཆེན་དང་རང་སྐྱོང་ཁུལ་ལམ་ཡང་ན་ཐད་སྐྱོང་གྲོང་ཁྱེར་གྱི་སྲིད་གཞུང་གིས་གཏན་ཁེལ་བྱེད། 

ལེའུ་གསུམ་པ། 
རི་སྐྱེས་སྲོག་ཆགས་དོ་དམ།  རི་སྐྱེས་སྲོག་ཆགས་སྲིད་འཛིན་དོ་དམ་ལས་ཁུངས་ཀྱིས་དུས་བཅད་ལྟར་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་བརྟག་བྱས་ཏེ་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ཀྱི་ཡིག་ཚང་བཟོ་དགོས། རྒྱལ་ཁབ་ཀྱིས་གཙོ་གནད་དུ་བཟུང་སྟེ་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་དག་རང་བསམ་དུ་རྔོན་པའམ་གསོད་མི་ཆོག ཚན་རིག་ཞིབ་འཇུག་དང་འདུལ་གསོ་རྒྱུད་སྤེལ། འགྲེམས་སྟོན་སོགས་ཀྱི་དགོས་པའམ་ཡང་ན་གནས་ཚུལ་དམིགས་བསལ་ཅན་བྱུང་སྟེ་རྒྱལ་ཁབ་ཀྱི་སྲུང་སྐྱོང་རིམ་པ་དང་པོའི་རི་སྐྱེས་སྲོག་ཆགས་རྔོན་པའམ་འཛིན་དགོས་བྱུང་ཚེ་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རི་སྐྱེས་སྲོག་ཆགས་སྲིད་འཛིན་དོ་དམ་ལས་ཁུངས་ལ་དམིགས་བསལ་རྔོན་ཆོག་ཡི་གེ་ཡར་ཞུ་བྱ་དགོས། རྒྱལ་ཁབ་ཀྱི་སྲུང་སྐྱོང་རིམ་པ་གཉིས་རི་སྐྱེས་སྲོག་ཆགས་རྔོན་པའམ་འཛིན་དགོས་བྱུང་ཚེ་ངེས་པར་དུ་ཞིང་ཆེན་དང་རང་སྐྱོང་ལྗོངས་སམ་ཡང་ན་ཐད་སྐྱོང་གྲོང་ཁྱེར་གྱི་རི་སྐྱེས་སྲོག་ཆགས་སྲིད་འཛིན་དོ་དམ་ལས་ཁུངས་ལ་དམིགས་བསལ་རྔོན་ཆོག་ཡི་གེ་ཡར་ཞུ་བྱ་དགོས། རྒྱལ་ཁབ་ཀྱིས་གཙོ་གནད་དུ་བཟུང་སྟེ་སྲུང་སྐྱོང་བྱེད་པ་མིན་པའི་རི་སྐྱེས་སྲོག་ཆགས་རྔོན་འཛིན་བྱེད་པར་རྔོན་ཆོག་ཡི་གེ་ལེན་དགོས་པ་མ་ཟད་རྔོན་ཆོག་ཚད་གྲངས་ལས་བརྒལ་མི་རུང་། མེ་མདའ་བཟུང་སྟེ་རྔོན་འཛིན་བྱེད་ཚེ་ངེས་པར་དུ་རྫོང་ངམ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་དཔྱད་སྤྲོད་བྱས་པའི་མེ་མདའ་བཟུང་ཆོག་པའི་ཡི་གེ་ཡང་ལེན་དགོས། དམག་སྤྱོད་མཚོན་ཆ་དང་དུག་སྨན། འགད་རྫས་སོགས་སྤྱད་དེ་རྔོན་འཛིན་བྱ་མི་རུང་། རྒྱལ་ཁབ་ཀྱིས་གཙོ་གནད་དུ་བཟུང་སྟེ་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་ཉོ་འཚོང་བྱ་མི་རུང་། ཕྱི་རྒྱལ་པས་ཀྲུང་གོའི་རྒྱལ་ཁོངས་སུ་རྒྱལ་ཁབ་ཀྱིས་གཙོ་གནད་དུ་བཟུང་སྟེ་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་ལ་བརྟག་ཞིབ་བམ་གློག་བརྙན་ཕབ་པའམ་གཟུགས་ལེན་པ་སོགས་བྱེད་དགོས་ཚེ་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རི་སྐྱེས་སྲོག་ཆགས་སྲིད་འཛིན་དོ་དམ་གཙོ་གཉེར་ལས་ཁུངས་སམ་དེའི་དབང་ཆ་ལག་བསྟར་བྱ་ཆོག་པའི་ལས་ཁུངས་ཀྱི་ཆོག་མཆན་འཐོབ་དགོས། སྲོག་ཆགས་རྔོན་འཛིན་བྱེད་སྐབས་ཞིང་ལས་ལོ་ཏོག་སོགས་ལ་གྱོང་གུད་ཐེབས་ཚེ་རྔོན་མཁན་གྱིས་སྐྱིན་ཚབ་སྤྲོད་དགོས། 

ལེའུ་བཞི་པ། 
ཁྲིམས་ལུགས་འགན་ཁུར། རྒྱལ་ཁབ་ཀྱིས་གཙོ་གནད་དུ་བཟུང་སྟེ་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་ཁྲིམས་དང་འགལ་ཏེ་བརྔོན་ཚེ་རྒྱལ་ཁབ་ཀྱིས་གཙོ་གནད་དུ་བཟུང་སྟེ་སྲུང་སྐྱོང་བྱ་བའི་རི་སྐྱེས་སྲོག་ཆགས་རྩ་ཆེན་དང་འཇིག་ཉེན་ཆེ་བ་དག་རྔོན་གསོད་བྱེད་མཁན་ཁྲིམས་གཅོད་བྱེད་པའི་ཁ་གསབ་གཏན་ཁེལ་གཞིར་བཟུང་སྟེ་ཉེན་དོན་འགན་ཁུར་རྩད་གཅོད་བྱེད་རྒྱུ་ཡིན། བཅའ་ཁྲིམས་འདི་ཉིད་ལ་འགལ་ཏེ་རྔོན་བཀག་ཁུལ་ལམ་རྔོན་བཀག་དུས་ཚོད་དང་ལག་ཆ་དང་ལག་ཐབས་ཁྲིམས་མཐུན་མིན་པར་བརྟེན་ནས་རི་སྐྱེས་སྲོག་ཆགས་བརྔོན་ཚེ། རི་སྐྱེས་སྲོག་ཆགས་སྲིད་འཛིན་དོ་དམ་གཙོ་གཉེར་ལས་ཁུངས་ཀྱིས་བརྔོན་པའི་སྲོག་ཆགས་དང་ལག་ཆ། ཁྲིམས་འགལ་ཐོབ་ཆ་སོགས་ཚང་མ་གཞུང་བཞེས་གཏོང་རྒྱུ་མ་ཟད་དངུལ་ཆད་ཀྱང་གཅོད། གནས་ཚུལ་ཚབས་ཆེན་དུ་གྱུར་ཏེ་ནག་ཉེས་བཟོས་ཚེ་ཉེས་ཁྲིམས་ཀྱི་དོན་ཚན་བརྒྱ་དང་སུམ་ཅུ་པ་གཞིར་བཟུང་སྟེ་ཉེན་དོན་འགན་ཁུར་རྩད་གཅོད་བྱེད། བཅའ་ཁྲིམས་འདིའི་གཏན་ཁེལ་དང་འགལ་ཏེ་རྒྱལ་ཁབ་བམ་ས་གནས་ཀྱིས་གཙོ་གནད་བྱས་ཏེ་སྲུང་སྐྱོང་བྱས་པའི་རི་སྐྱེས་སྲོག་ཆགས་སམ་ཐོན་རྫས་གཞན་དག་ཉོ་འཚོང་ངམ་སྐྱེལ་འདྲེན་བྱས་ཚེ་བཟོ་ཚོང་སྲིད་འཛིན་དོ་དམ་ལས་ཁུངས་ཀྱིས་དངོས་རྫས་སམ་ཁྲིམས་འགལ་འཐོབ་བྱ་དག་གཞུང་བཞེས་བྱེད་ཅིང་དངུལ་ཆད་ཀྱང་གཅོད། གལ་སྲིད་དོ་བདག་མི་སྣ་དེས་སྲིད་འཛིན་ཆད་པ་ཁས་མི་ལེན་ཚེ་ཆད་པ་གཅོད་མཁན་ལས་ཁུངས་གང་དེའི་རིམ་པ་གོང་མར་ཡང་བསྐྱར་ཐག་གཅོད་བྱེད་པར་ཞུ་སྦྱོར་བྱས་ཆོག ཡང་བསྐྱར་ཐག་བཅད་པར་མི་འཐད་ཚེ་ལན་འབྱོར་ཉིན་ནས་བརྩིས་པའི་ཉིན་བཅོ་ལྔའི་ནང་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཆོག དོ་བདག་པས་ཁྲིམས་ཆད་བརྡ་ཐོ་འབྱོར་བའི་ཉིན་ནས་བཟུང་བརྩིས་ཏེ་ཉིན་བཅོ་ལྔའི་ནང་དུ་ཐད་ཀར་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཀྱང་མཆོག དོ་བདག་པས་དུས་ཚོད་ལ་སླེབས་ཀྱང་ཁྲིམས་ཁང་ལ་ཞུ་གཏུག་མི་བྱེད་པ་མ་ཟད་ཁྲིམས་ཆད་ཀྱང་ཁས་མི་ལེན་ཚེ་ཁྲིམས་ཆད་གཅོད་མཁན་ལས་ཁུངས་ཀྱིས་ཁྲིམས་ཁང་ལ་ཡར་ཞུ་བྱས་ཏེ་བཙན་གྱིས་ལག་བསྟར་བྱ་དགོས། 

ལེའུ་ལྔ་པ། 
ཞར་བཀོད། གལ་སྲིད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཞག་པའམ་ཡང་ན་ནང་དུ་ཞུགས་ཡོད་པའི་ཁོར་ཡུག་སྲུང་སྐྱོང་དང་འབྲེལ་བའི་རྒྱལ་སྤྱིའི་ཆིངས་ཡིག་གི་གཏན་འབེབས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་མི་མཐུན་པའི་ཆ་ཡོད་ན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གསལ་བསྒྲགས་དང་སྲུང་འཛིན་བྱས་ཡོད་པའི་དོན་ཚན་ལས་གཞན་ཚང་མ་རྒྱལ་སྤྱིའི་ཆིངས་ཡིག་གཞིར་འཛིན་དགོས། 

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།