བྱི་བ་གཡི།


བྱི་བ་གཡི།

བྱི་བ་གཡི་ལ་མྰན་ནྰོ་ཞེས་འབོད་ཚུལ་ཡོད་པ་དང་། དེ་ནི་འཇར་མན་གྱི་རང་བྱུང་རིག་པ་ཞིག་གིས་སྤྱི་ལོ་༡༧༧༦ལོར་བྱི་བ་འདིའི་རིགས་གསར་དུ་བཀོད་པ་དང་། བྱི་བ་གཡི་ནི་བྱི་ལ་ཆུང་ཆུང་ཞིག་དང་འདྲ་ཞིང་༢༠༠༢ལོར་དེ་ནི་ཉེན་ཁ་ཅན་གྱི་རི་དྭགས་སུ་བགྲངས་བ་རེད། རང་བྱུང་གནས་ཡུལ་གྱི་སྐྱེ་ཁམས་ཇེ་ཞན་དང་གཅན་གཟན་གྱིས་ཟ་བ། དེ་མིན་རི་དགས་རྔོན་པ་སོགས་ཀྱིས་བྱི་བ་གཡི་ཡི་འཚོ་རྟེན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་རེད།

ཁྱད་ཆོས།

བྱི་བ་གཡི་ཡི་ཆེ་ཆུང་ནི་ཁྱིམ་གྱི་བྱི་ལ་དང་འདྲ་ལ་ལུས་པོའི་རིང་ཚད་ལ་ལི་སྨི་༤༦ནས༦༥ཙམ་ཡོད་པ་དང་རྔ་མའི་རིང་ཚད་ལ་ལི་སྨི་༢༡ནས་༣༡ཙམ་ཡོད་པ་རེད། དེའི་ལྗིད་ཚད་ལ་སྤྱི་རྒྱ༢དང་ཕྱེད་ཀ་ནས་༤དང་ཕྱེད་ཀ་ཙམ་ཡོད། བྱི་བ་གཡི་ལ་སྤུ་ཁ་སྟུག་པོ་ཞིག་ཡོད་པས་ལུས་པོ་ཅུང་རྫིག་རྫིག་ཏུ་སྣང་བ་དང་དགུན་དུས་ནི་སྤུ་མདོག་ནི་དབྱར་དུས་ལས་སྐྱ་བོ་ཡིན་ཞིང་། དེའི་ཐོད་པར་ནག་ཐིག་ཡོད་ལ་རྔ་མར་ཡང་ནག་ཤུལ་འགའ་འཁྱིལ་ཡོད་པ་རེད། དེའི་འགྲམ་པ་གཉིས་དཀར་བོ་དང་མིག་འགྲམ་དུ་ཡང་ནག་ཤུལ་འགའ་མངོན་ཡོད། མ་འགབ་ནས་སྐེ་འོག་གི་སྤུ་མདོག་ཚང་མ་དཀར་བོ་དང་མིག་མཐའ་དེ་སྤུ་མདོག་ནག་པོས་བསྐོར་ཡོད་པ་རེད། བྱི་བ་གཡི་དེའི་རྐང་ལག་ནི་བྱི་ལ་དང་བསྡུར་ན་ཐུང་ལ་སྡེར་མོ་ཡང་ཧ་ཅང་ཐུང་ཐུང་ཡིན་ཞིང་རྣ་ཅོག་གཉིས་ཀྱང་དམའ་སར་ཡོད་པ་རེད། དེའི་ངོ་ནི་བྱི་ལ་ལས་ཐུང་ཞིང་མཉམ་པོ་ཞིག་ཡིན་པ་རེད། འགྲམ་རུས་སུ་སོ་ཁ་ཤས་ལས་མེད་པ་དང་ཡ་ཁའི་འགྲམ་སོ་ཆེ་བ་གཉིས་ཀྱང་ཆད་པ་རེད།

ཁྱབ་ཁུལ་དང་གནས་ཡུལ།

བྱི་བ་གཡི་དེ་ཡ་གླིང་གི་དཀྱིལ་དབུས་ཏེ་མཚོ་ངོས་ལས་མཐོ་ཚད་སྨི་༥༠༥༠ཡི་བར་གྱི་སོག་པོ་དང་ཀྲུང་གོ  དེ་མིན་བོད་ཀྱི་མཐོ་སྒང་སོགས་སུ་སོགས་སུ་ཁྱབ་པ་དང་། ད་དུང་ཇི་ཨར་ཇི་སི་ཐན་དང་ཁྰ་ཟ་ཁད་སི་ཐན་རྒྱལ་ཁབ་ཀྱི་མཐོ་སྒང་དང་རི་བོ་སོགས་སུ་ཁྱབ་ཡོད་པ་རེད། ཨི་རུ་སུའི་རྒྱལ་ཁབ་ཏུ་ཁྰོ་ཁྰ་དང་པྰེ་ཁྰོ་ས་ཁུལ་ནས་ཁྰ་ཟྰ་ཁད་སི་ཐན་རྒྱལ་ཁབ་ཀྱི་བྱང་ཤར་དང་སོག་པོ། དེ་མིན་ཀྲུང་གོའི་མཚམས་སུ་ཐུག་ཡོད། སྤྱི་ལོ༡༩༩༧ལོར་བྱི་བ་གཡི་ཡི་རྐང་རྗེས་དེ་མཚོ་ངོས་ལས་མཐོ་ཚད་སྨི༢༤༧༠ཡས་མས་ཀྱི་སྰ་ཡེ་རི་རྒྱུད་དུའང་རྙེད་པ་རེད། རྐང་རྗེས་འདི་དག་གིས་རི་རྒྱུད་འདིར་ཆེས་ཐོག་མར་སྲོག་ཆགས་གནས་བ་ར་སྤྲོད་བྱེད་པ་དང་། དེའི་ལྷོ་ནུབ་མཚམས་དང་ཨ་ཧྥུ་ཧན་དང་ཕྰ་ཁི་སི་ཐན་སོགས་སུ་ཁ་གྲངས་ཇེ་ཉུང་དུ་འགྲོ་བཞིན་ཡོད་ལ་གཅིག་རེ་མ་གཏོགས་མཐོང་རྒྱུ་མེད་པ་རེད། ༢༠༠༨ལོར་དབྱི་རག་ག་ཁྰེ་ཅོར་རྒྱལ་ཁབ་སྤྱི་གླིང་ནས་བྱི་བ་གཡི་ཞིག་ཆེས་ཐོག་མར་བརྙན་ལེན་ཆས་སུ་ཕབ་བསྐྲུན་བྱས་ཡོད་པ་རེད།

ཁྱབ་ཁུལ་དང་རིགས་དབྱེ་སྟངས།

བྱི་བ་གཡི་དེ་རིགས་གསུམ་དུ་དབྱེ་བ་དང་དེ་དག་བྱང་ཕྱོགས་ཁུལ་དང་ཇེ་ཏྰ་གཙང་བོ། པྰེ་ཁོ་མཚོ་མོ་དང་ཞི་པོ་ལི་ཡ་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་སུ་ཁྱབ་ཡོད་པ་རེད།
ཨོ་ཐྰི་ཁྰོ་ལོ་ཞེས་བ་དེ་༡༨༤༢ལོར་བོད་དང་ཁྰ་ཕྱི་མྰེ་ཡར་དུ་གནས།
ཨོ་ཐྰི་ཁྰོ་ལོ་ཞེས་པའི་རིགས་གཉིས་པ་དེ་༡༩༢༨ལོར་མྰ་ས་ནྰེ་ཡོའི་རི་རྒྱུད་དང་དབྱི་རག་གི་བྱང་ཕྱོགས་སུ་ཁྱབ་པ་མ་ཟད་ཨ་ཧྥུ་ཧན་སོགས་སུ་ཁྱབ་པ་རེད།

སྐྱེ་ཁམས་དང་ཁྱད་ཆོས།

བྱི་བ་གཡི་དེ་ཁེར་རྐྱང་གིས་འཚོ་བར་གོམས་པ་དང་། ཕོ་མོའི་དྲི་མ་མི་འདྲ་བས་ཕན་ཚུན་དབྱེ་བཞིན་ཡོད་ལ་རྒྱུན་ལྡན་དུ་བྲག་ཁུང་དང་། འཕྱི་བའི་ཁུང་སོགས་ནས་འདུག་བཞིན་ཡོད་པ་རེད། བྱི་བ་གཡི་ཡི་གོམ་པ་སྤོས་པ་དལ་ཞིང་ཉིན་རྒྱུན་ཕྱི་དྲོ་གཟན་འཚོལ་དུ་འགྲོ་ཞིང་སྲོག་ཆགས་ཆུང་བ་སྟེ་བྱེ་ཐང་བྱི་བ་དང་། བྲ  ནགས་བྱི། ནགས་ཚལ་དེ་ཕོ་སོགས་སྦས་པའམ་ལྐོག་འཇབ་བྱས་ཏེ་རྔོན་བཞིན་ཡོད་པ་དང་། མཚམས་རེར་འཕྱི་བ་ཆུང་ཆུང་ཡང་འཛིན་པ་རེད།

སྐྱེ་འཕེལ།

བྱི་བ་གཡི་ཡི་སྐྱེ་འཕེལ་དུས་ཚིགས་དེ་འཚོ་གནས་བྱ་སའི་གནས་ཡུལ་དང་འབྲེལ་མོད་སྤྱིར་བཏང་གི་ཐུང་ཐུང་ཞིག་ཡིན་ཞིང་། དེའི་ཟླ་མཚན་ནི་ཆུ་ཚོད་༢༦ནས་༤༢ལས་མེད་པ་དང་བྱི་བ་གཞན་པ་དང་བསྡུར་ན་ཧ་ཅང་ཐུང་བ་རེད། བྱི་བ་གཡི་དེ་ཉིན་༦༦ནས་༧༥བར་གྱི་མངལ་སྦྲུམ་ཚད་ཡིན་ཞིང་མང་ཤས་ཏེ་ཟླ་བ་བཞི་བ་དང་ལྔ་བར་མངལ་སྦྲུམ་བཞིན་ཡོད་པ་རེད། ས་སྒང་མཐོ་སར་ཕྲུ་གུ་ཆེ་བ་དེའི་གསོན་གྲངས་ཚད་མང་བ་དང་ཆུང་བ་རྣམས་ཁུང་ངུའམ་དུང་ནང་དུ་རྩྭ་དང་བྱ་སྤུ་སོགས་ཀྱིས་མལ་ཁང་བཟོས་ཏེ་གཉོམ་ལག་རྒྱས་བཞིན་ཡོད། ཕྲུ་གུ་བཙས་མ་ཐག་ཏུ་སྤུ་སྟུག་པོ་ཞིག་ཐུམ་པ་དང་དེའི་ལྗིད་ཚད་ལ་ཁེ་༩༠ཙམ་ཡོད། ཟླ་བ་གཉིས་ཀྱི་རྗེས་ནས་སྤུ་བརྗེ་ཞིང་ཟླ་བཞི་ཙམ་གྱི་རྗེས་ནས་གཟན་སོགས་རྔོན་ལ་ཟླ་དྲུག་འགོར་རྗེས་བྱི་བ་གཡི་དེ་དར་མར་འགྱུར་བ་རེད།  ད་དུང་བྱི་བ་གཡི་དེ་ལོ་བཅུ་གཅིག་ཙམ་ལས་འཚོ་ཐུབ་ཀྱི་མེད་པ་རེད།

འཇིག་ཉེན།

སོག་པོ་དང་ཀྲུང་གོ་དེ་མིན་ཨི་རུ་སུ་རྒྱལ་ཁབ་སོགས་ཀྱིས་བྱི་བ་གཡི་མང་བོ་རྔོན་ནས་རྒྱལ་སྤྱིའི་ཚོང་རྭར་བྱི་བ་དེའི་སྤུ་ཚོང་ཕྱེ་ནས་ཡུན་རིང་འགོར་ཡོད་པ་དང་། ༡༩༨༠ལོ་ནས་འདིའི་རིགས་ཀྱི་སྤུ་ཚོང་གི་མཚམས་བཞག་ཅིང་སོག་པོ་རུ་བྱི་བ་གཡི་ཡི་རྔོན་པ་༡༠༠༠ལྷག་ཡོད་ཅིང་ལོ་གཅིག་ལ་བྱི་བ་གཡི་གཉིས་ལྷག་ལས་རྔོན་བཞིན་མེད་པ་རེད། རྔོན་པ་དེ་དག་གིས་མཚམས་རེ་འཕྱི་བ་ཡང་རྔོན་སྲིད་ལ་རྒྱུན་ལྡན་དུ་དེ་ཚོས་རྐང་རྙི་འཛུགས་པ་དང་། དེས་སྤྱང་ཀི་དང་ཝ་མོ། འཕྱི་བ། རི་བོང་སོགས་ཀྱང་སྟབས་མ་ལེགས་པར་འཛིན་བཞིན་ཡོད་པ་རེད། ཨི་རུ་སུ་དང་སོག་པོ་རུ་བྱི་བ་གཡི་ཡི་ཚིལ་དང་ཚོར་ཤེས་དབང་བོ་སོགས་སྨན་རྫས་སུ་བཀོལ་སྤྱོད་བྱས་བཞིན་ཡོད་ལ་ལན་རེ་སྒོ་ཁྱི་ཡིས་བྱི་བ་གཡི་དེ་གསོད་བཞིན་ཡོད། སོག་པོ་རྒྱལ་ཁབ་ཀྱིས་བྱི་བ་གཡི་ཡི་ཕྱི་ཚོང་ཆེན་པོ་བྱས་མེད་པ་དང་༢༠༠༠ལོ་ནས་བཟུང་དེའི་སྐྱི་ལྤགས་ཕྱི་ཚོང་བྱས་ཤིང་༢༠༠༧ལོར་སླེབས་དུས་བྱི་བ་གཡི༡༤༣ཙམ་ཕྱི་ཚོང་བྱས་ཟིན་པ་རེད།

སྲུང་སྐྱོབ་གནས་ཚུལ།

བྱི་བ་གཡི་དེ་སྲུང་སྐྱོབ་དཀར་ཆགས་སུ་བཀོད་ཡོད་པ་དང་། སོག་པོ་རྒྱལ་ཁབ་མ་གཏོགས་རྒྱལ་ཁབ་གཞན་པ་མང་ཤས་སུ་རྔོན་མི་ཆོག་པར་སྲུང་སྐྱོབ་སྲོག་ཆགས་ཀྱི་གྲས་སུ་བཀོད་ཡོད་པ་དང་། སོག་པོ་རྒྱལ་ཁབ་ཏུ་མེད་པར་འགྱུར་བའི་སྲོག་ཆགས་མ་གཏོགས་སྲུང་སྐྱོབ་སྲོག་ཆགས་སུ་བགྲངས་བཞིན་ཡོད་པ་མ་རེད། ༢༠༠༩ལོ་ནས་བྱི་བ་གཡི་དེ་ཨ་ཧྥུ་ཧན་ནས་ཀྱང་རྔོན་མི་ཆོག་པ་དང་ཕྱི་ཚོང་བྱ་མི་ཆོག་པར་སྲོག་ཆགས་སྲུང་སྐྱོབ་ཀྱི་གྲས་སུ་བཀོད་ཡོད་པ་རེད།