ཐན་ཤུལ་ཡ་མཚན་པ་གསུམ།

༢༠༢༢ལོར་གནམ་གཤིས་འཕོ་འགྱུར་ལ་བརྟེན་ནས་འཛམ་གླིང་གི་ཆུ་བོ་དང་གཙང་བོ་སྐོར་ཞིག་སྐམ་སྟེ་ཐན་པ་བྱུང་བའི་གནས་ཚུལ་མང་པོ་བྱུང་། གཙང་བོ་སྐམ་ཤུལ་ནས་ཡ་མཚན་པའི་དངོས་པོ་མང་པོ་ཕྱིར་ཐོན།

འབྲི་ཆུའི་བཞུར་རྒྱུན་དུ་ཡོད་པའི་རྒྱ་ནག་ཁྲོན་ཆིན་(重庆)ས་ཆ་ནས་ཆུའི་ནང་འོག་གི་བྲག་ཐོ་ཞིག་ཕྱི་ལ་མངོན་པ་མ་ཟད། དེའི་སྟེང་དུ་ནང་པའི་རྡོ་བརྐོས་སྐུ་བརྙན་གསུམ་མཐོང་། སྐུ་དེ་དག ལ་ལོ་༦༠༠ཙམ་གྱི་ལོ་རྒྱུས་ཡོད་པར་ཡིད་ཆེས་བྱེད་ཀྱིན་ཡོད། རྡོ་བརྐོས་དེས་སྔོན་ཆད་ལོ་དྲུག་བརྒྱའི་གོང་ལ་ཡང་། ས་དེ་རུ་འབྲུ་ཆུ་སྐམ་ནས་ཆུའི་མཐོ་ཚད་སྐུ་དེ་དག ལས་དམའ་བའི་དུས་ཤིག་བྱུང་ཡོད་པ་མཚོན་ཐུབ།

འཇར་མན་གྱི་གཙང་བོ་ཨིལ་བྷེ་(Elbe)སྐམ་སྟེ་ཇེ་དམའ་སོང་རྗེས་རྡོ་བརྐོས་ཡི་གེ་ཞིག་ཕྱི་ལ་ཐོན། རྡོ་དེ་ལ་བཀྲེས་རྡོ་ཟེར། བཀྲེས་རྡོ་ཟེར་དོན་ནི་སྤྱི་ལོ་༡༦༡༦ ལ་ཡུ་རོབ་ཏུ་ཐན་པ་བྱུང་ཏེ་ཟས་དཀོན་པས་བཀྲེས་ལྟོགས་ཀྱི་དུས་ཤིག་བྱུང་སྐབས་རྡོ་དེ་ལ་ཡི་གེ་དེ་བརྐོས། ཡི་གེ་དེ་རུ་ “ང་མཐོང་དུས་ངུས་”ཞེས་བྲིས་ཡོད་པ་རེད། དེས་སྔོན་ཆད་ཀྱང་ཆུ་བོ་ཨིལ་བྷེ་སྐམ་ནས་ཆུའི་དམའ་ཚད་དེར་སླེབས་པ་དང་། ཐན་པས་དབང་གིས་བཀྲེས་ལྟོགས་བྱུང་བ་ཤེས་ཐུབ།

ཨ་རིའི་ཁོ་ལོ་ར་ཌོ་(Colorado)གཙང་བོ་བཀག་ནས་མེས་དྷི་(Lake Mead)ཟེར་བའི་མིས་བཟོས་མཚོ་མོ་ཞིག་ཡོད། ལོ་འདིའི་ནང་ལ་ཁོ་ལོ་ར་ཌོ་གཙང་པོ་སྐམ་སྟེ་མཐོ་ཚད་ཤིན་ཏུ་དམའ་བོར་གྱུར་རྗེས་མཚོ་ཤུལ་དུ་མི་ལྔའི་བེམ་པོ་རྙེད། བེམ་པོ་དེ་དག་ལ་ཉེན་རྟོག་པས་རྟོག་དཔྱོད་བྱས་ཏེ་ལོ་ཉི་ཤུའི་གོང་གི་གྱོད་དོན་ཞིག་ཐག་གཅོད་ཐུབ་པ་བྱུང་། འོན་ཀྱང་། བེམ་པོ་གཞན་རྣམས་ཀྱི་གྱོད་དོན་ད་དུང་བརྟག་དཔྱད་བྱེད་མུས་ཡིན།


སྦྱར་ཤོག

གོང་གི་ནང་དོན་རྣམས་མདོར་བསྡུས་ཏེ་སྦྱར་ཤོག་བཟོས་ཡོད།