༄༅།།ལྷོ་ཤར་ཨེ་ཤ་ཡའི་འཇིགས་སྣང་གསོན་པོ།

རྩོམ་པ་བོ།
བློ་གྲོས་ཆོས་བཟང་།


ང༽  ཁོར་ཡུག་སྲུང་སྐྱོབ་དང་། ང་ཚོའི་འགན་ལེན།

ཁོར་ཡུག་སྲུང་སྐྱོབ་ནི། དེང་གི་ཆར་གོ་ལ་ཧྲིལ་པོའི་ཐོག་བགྲོ་གླེང་དང་དོ་སྣང་བྱེད་ཡུལ་གཙོ་བོའི་གྲས་ཤིག་ཡིན། དེའི་རྒྱུ་མཚན་མཐར་ཐུག་ནི་རང་བྱུང་ཁམས་ལ་གཏོར་བརླག་དང་འབག་བཙོག་བཏང་ནས་སྐྱེ་འགྲོ་རྣམས་བདེ་ཐང་ངང་ནས་གནས་ཐུབ་ཀྱི་མེད་པ་ཤེས་རྟོགས་བྱུང་བའི་རྒྱུ་མཚན་གྱིས་ཡིན་ལ། མའོ་ཙེ་ཏུང་གིས། ཁ་ནང་མི་ཤོང་པ་དང་ལྕེས་མི་ཐེག་པས་ཚིག་སྐམ་ཞིག་བརྗོད་པ་ནི། འགྲོ་བ་མིས་རང་བྱུང་ཁམས་ལ་ངེས་པར་དབང་སྒྱུར་བྱེད་དགོས།44  ཞེས་གནས་ལུགས་དང་མི་མཐུན་ཞིང་ཚན་རིག་དང་མི་མཐུན་པའི་ལོག་གཏམ་ཞིག་བཤད་ཡོད། རང་བྱུང་ཁམས་ནི་ང་ཚོའི་ཁྱིམ་ཚང་ལྟ་བུ་ཆགས་ཡོད། གལ་ཏེ་རང་ཉིད་ཀྱིས་ཁྱིམ་ཚང་ལ་གཏོར་བརླག་དང་ཕ་མེས་ཡང་མེས་ཀྱིས་བཞག་པའི་ཤུལ་བཞག་གི་ཁྱད་ནོར་ཡོད་ཚད་ཁྱེར་ནས་ཤོག་དངུལ་ལ་བརྗེ་དགོས་པ་དང་། ཁྱོད་ཀྱིས་ཁྱིམ་ཚང་ལ་དབང་སྒྱུར་བྱེད་དགོས། ཞེས་རང་ཉིད་ཀྱི་བུ་རབས་ཚ་རྒྱུད་ལ་དེ་ལྟར་སྨྲས་ན་འགྲིག་གམ། དེ་ལས་བཟློག་སྟེ་ཁྱོད་ཀྱིས་རང་ཉིད་ཀྱི་བུ་རབས་ཚ་རྒྱུད་ལ་ཁྱིམ་ཚང་ལ་གཅེས་སྤྲས་དང་བདག་ཉར་བྱེད་དགོས་པའི་སློབ་གསོ་ག་ཚོད་ཀྱིས་སེམས་ལ་ཟུག་པ་བཏང་བ་དེ་སྲིད་དུ་ཁྱིམ་ཚང་ལ་བདེ་སྐྱིད་འབྱུང་ངེས་ཡིན། 

བོད་ཀྱི་གཏམ་དཔེ་ལ། མཚོ་བདེ་ན། ཉ་བདེ། ཞེས་པའི་དཔེ་ལྟར་ང་ཚོ་འགྲོ་བ་མི་ནི་ཉ་ལྟ་བུ་ཡིན་ལ། ཁོར་ཡུག་ནི་མཚོ་ལྟ་བུ་ཡིན་པས། མཚོ་ཇི་ཙམ་གཙང་བ་དང་རྫབ་རྫོབ་ཀྱི་གད་སྙིགས་མེད་པ་དེའི་ཚོད་ཀྱིས་ཉ་བདེ་བ་ལྟར། གོ་ལ་ཧྲིལ་པོའི་ཁོར་ཡུག་ཇི་ཙམ་གཙང་བ་དང་། གཏོར་བརླག་འབག་བཙོག་མ་བཏང་བ་དེའི་ཚོད་ཀྱིས་འགྲོ་བ་མི་རྣམས་ནད་ཉུང་བ་དང་། ཚེ་རིང་བ་བཅས་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་ཐུབ་ཅིང་། འགྲོ་བ་མི་རྣམས་ནི་ཁོར་ཡུག་ལ་ཕར་བརྟེན་པ་ལས་རང་བྱུང་ཁོར་ཡུག་ཚུར་འགྲོ་བ་མི་ལ་བརྟེན་པ་མིན་པས་རྟེན་དང་བརྟེན་པའི་འབྲེལ་བའི་རྣམ་གཞག་ཤེས་པ་གལ་ཆེ། འགྲོ་བ་མི་ནི་གོ་ལ་ཧྲིལ་པོར་ལན་ཅིག་ལྟ་སྐོར་དུ་འོང་བ་ལྟ་བུ་ཡིན་ཡང་མི་བསམ་མེད་དང་ཅོལ་ཆུང་འགས་གནས་ལུགས་དེ་ལྟར་དུ་མ་རྟོགས་པར་འཇིག་རྟེན་འདིའི་ལྟ་སྐོར་གྱི་དུས་ཡུན་མ་རྫོགས་དབར་འཇིག་རྟེན་འདིར་གཏོར་བརླག་ཚོད་མེད་བྱས་པའི་ཉེར་ལེན་གྱིས་ཡང་བསྐྱར་མགྲོན་དུ་བསུ་བར་འཇིག་རྟེན་གྱི་ས་རྡོ་རི་བྲག་ལ་སོགས་པའི་རང་བྱུང་ཁམས་རྣམས་ཞེན་པ་ལོག་ངེས་ལྟ་བུ་བཟོ་བཞིན་ཡོད། 

དེ་འདྲ་བའི་རང་བྱུང་ཁམས་ལ་གཏོར་བརླག་ཚོད་མེད་གཏོང་མཁན་གཙོ་བོ་ང་ཚོ་ཉམ་ཆུང་འགྲོ་བ་རྣམས་མ་ཡིན་ལ། མི་བསམ་མེད་དང་གཞན་སེམས་ཏིལ་འབྲུ་ཙམ་མེད་ཅིང་འདོད་པའི་ལན་ཚྭ་འཐུངས་པའི་འཛམ་གླིང་གི་ཕྱུག་བདག་ཁག་དང་སྒེར་བདག་དབང་ཆ་ལོག་སྤྱོད་པ་རྣམས་ཡིན་པ་ང་ཚོས་ངེས་པར་ཤེས་པའི་ཐོག་ནས་རང་བྱུང་ཁམས་ནི་འགྲོ་བ་ཡོད་དོ་ཅོག་ལ་ཐུན་མོང་དུ་དབང་བའི་ང་ཚོའི་སྲོག་གི་འཚོ་རྟེན་ཉག་ཅིག་ཡིན། དེ་ནི་འཇིག་རྟེན་གྱི་རྒྱལ་པོ་དང་། སྲིད་འཛིན། སྲིད་བློན་གྱིས་མཚོན་པའི་དབང་འཛིན་ཅན་གྱི་སྐྱེས་བུ་སྒེར་སུ་ལ་ཡང་དབང་མེད་ཅིང་། དེ་བས་ཀྱང་འབག་བཙོག་དང་གཏོར་བརླག་གཏོང་རྒྱུའི་དབང་ཆ་མེད་ཅིང་དེ་ལས་བཟློག་སྟེ་སྲུང་སྐྱོབ་བྱེད་དགོས་པའི་འགན་དབང་དང་སྣེ་གཙོ་བོར་འཁྲིད་དགོས་པའི་ཀུན་ཁྱབ་སེམས་ཁུར་བྱེད་དགོས། 

སྤྱིར་ན་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་ནི།  གཞུང་གི་ལས་བྱེད་ལྟ་བུའི་སྐྱེས་བུ་སྒེར་ཞིག་ལ་འཁྲིས་པ་ཙམ་མ་ཡིན་པར་ང་ཚོ་མི་སེར་དཀྱུས་མ་ཀུན་ལ་འཁྲིས་པའི་བཟློག་ཏུ་མེད་པའི་འོས་འགན་ཞིག་ཡིན། ཕྲན་གྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་དོན་དང་འགན་ལེན་ལ་ལྟ་ཚུལ་ནི། རང་ཉིད་སྡོད་གནས་ཀྱི་གཡས་གཡོན་དུ་འབག་བཙོག་དང་གད་སྙིགས་གང་བྱུང་མ་གཡུག་པར་གཙང་སྦྲ་བྱེད་པ་ཙམ་ལ་ངོས་འཛིན་བྱེད་ཀྱིན་མེད། རང་ཉིད་ཀྱི་གཡས་གཡོན་དང་། དེ་ལས་བརྒལ་བའི་ཡུལ་ལུང་། རྒྱལ་ཁབ་གང་ཞིག་ཏུ་རང་ཉིད་ཀྱིས་མཐོང་ཐོས་མྱོང་གསུམ་བྱུང་བའི་ཤིང་ནག་གཅོད་འབྲེག་དང་། ཚད་བརྒལ་གྱི་གཏེར་ཁ་སྔོག་འདོན། ཆུ་རགས་ཚོད་མེད་འཛུགས་སྐྲུན་སོགས་ལ་དོ་སྣང་དང་། དེ་རྣམས་རང་བྱུང་ཁམས་ལ་འབག་བཙོག་གི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་ངོས་འཛིན་གྱིས་འཇིག་རྟེན་སྤྱིའི་བདེ་སྡུག་ལ་འགན་ཁུར་དང་སེམས་ཁུར་བྱེད་མཁན་ལ་ངས་ཁོར་ཡུག་སྲུང་སྐྱོབ་པའམ་ཁོར་ཡུག་པ་ཞེས་བརྗོད། དེ་བཞིན་དུ་ཚོགས་སྡེ་དང་། སྒྲིག་འཛུགས། རྒྱལ་ཁབ་ཆེ་ཆུང་གང་ཞིག་ཡིན་ཡང་དོན་དེ་ལྟར་དུ་སེམས་ཁུར་བྱེད་མཁན་ཞིག་ལ་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་གྱི་ཚོགས་སྡེ་དང་རྒྱལ་ཁབ་སོགས་ཀྱི་ཁོངས་སུ་བརྩི་རུང་། 

དེ་ལས་གཞན་དུ་རང་ཉིད་ཀྱི་ཉེ་འཁྲིས་སུ་གད་སྙིགས་གང་བྱུང་གཡུག་པར་ཁོར་ཡུག་འབག་བཙོག་བཟོ་མཁན་དུ་བརྩིས་ནས་ལྟ་སྟངས་ངན་པ་དང་། ཉེས་ཆད་སོགས་བཅད་ནས་ཁྱིམ་ཚང་དང་། གྲོང་དང་གྲོང་ཁྱེར་སོགས་གཙང་སྦྲ་ཤིན་ཏུ་ལེགས་པ་དང་གད་སྙིགས་རྫབ་རྫོབ་མཐོང་རྒྱུ་མེད་ཀྱང་། མི་སེར་དཀྱུས་མས་མི་མཐོང་སར་ཚད་ལས་བརྒལ་བའི་གཏེར་ཁ་སྔོག་འདོན་དང་། ཆུ་རགས་སོགས་ཚོད་མེད་བརྒྱབས་ནས་རང་བྱུང་ཁམས་ལ་གནོད་འཚེ་བཟོ་མཁན་ནི་ཁོར་ཡུག་སྲུང་སྐྱོབ་བའི་གྲས་སུ་ཚུད་ཐབས་མེད་ཅིང་རང་བྱུང་ཁམས་ཀྱི་དགྲ་བོའི་གཏེ་བོ་ཡིན་ནོ། དཔེ་མཚོན་ཞིག་བཞག་ན། བཞུགས་སྒར་རྡ་རམ་ས་ལའི་གཡས་གཡོན་དུ་གད་སྙིགས་སོགས་ཧ་ཅང་མང་ཡང་མཛེས་སྡུག་ལྡན་པའི་རྡ་རམ་ས་ལའི་རང་བྱུང་ཁོར་ཡུག་ནི་སྔར་བཞིན་མཛེས་སྡུག་ལྡན། དེ་ནི་ཁོར་ཡུག་འབག་བཙོག་གི་རྒྱུ་རྐྱེན་གཙོ་བོ་གཏེར་ཁ་སྔོག་འདོན་དང་བཟོ་གྲྭ་སོགས་མེད་པས་རང་བྱུང་ཁམས་དང་མཁའ་རླུང་ཧ་ཅང་གཙང་། ཕྱོགས་གཞན་ཞིག་ཏུ་རྒྱལ་ས་པེ་ཅིང་གི་གྲོང་ཁྱེར་གཡས་གཡོན་དུ་གད་སྙིགས་གང་བྱུང་དུ་གཡུག་པ་དང་གད་སྙིགས་རྫབ་རྫོབ་མཐོང་རྒྱུ་མེད་ཀྱང་རྒྱལ་ས་པེ་ཅིང་གི་མཁའ་རླུང་འབག་བཙོག་ཚད་ལས་བརྒལ་བའི་གནས་ཚུལ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཡང་ཡང་འཐོན་བཞིན་པ་ནི་ཀུན་གྱིས་མཁྱེན་གསལ་རེད། འདིའི་རྐྱེན་རྩ་གཙོ་བོ་གང་ཞིག་ལ་ཐུག་ཡོད་མེད་ང་ཚོ་ཀུན་གྱིས་ཤེས་གསལ་རེད། ངས་ལྟ་ཚུལ་ལ་དེ་ནི་ཁོར་ཡུག་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་མིན་གྱི་མཐར་ཐུག་གི་ཤེས་བྱ་མེད་ཅིང་འདོད་རྔམས་ཀྱི་དཔལ་འབྱོར་ལམ་ལུགས་ལ་བརྩི་མཐོང་ཆེ་དྲགས་པའི་རྐྱེན་གྱིས་རེད་སྙམ། 

སྤྱིར་ན་གོ་ལ་ཧྲིལ་པོའི་ཁོར་ཡུག་ཉམས་ཆག་འགྲོ་སྟངས་ལ་གཉིས་ལས་མ་འདས། དང་པོ། རང་བྱུངས་ཁམས་ལ་རང་བཞིན་གྱི་འགྱུར་ལྡོག་བྱུང་བ། དེ་ནི་སུ་གང་གིས་བཟློག་ཏུ་མེད། གཉིས་པ། མི་ཞེས་པའི་འགྲོ་བ་བསམ་མེད་འདིིའི་བྱ་སྤྱོད་མ་རུང་བ་ལས་བྱུང་བ་ཞིག་གོ དུས་རབས་ཉི་ཤུ་པའི་སྨད་ནས་མགོ་བཙུགས་པའི་གོ་ལ་ཧྲིལ་པོའི་ཁོར་ཡུག་ཉམས་ཆགས་ཀྱི་རྒྱུ་རྐྱེན་གྱི་གཙོ་བོ་ནི། འདོད་རྔམས་ཅན་དང་འགྲན་རྩོད་ཅན་གྱི་དཔལ་འབྱོར་གྱི་རྒྱ་སྒོ་ཕྱེས་ནས་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་དབར། བཟོ་གྲྭ་དང་བཟོ་གྲྭའི་དབར། ཕྱུག་བདག་དང་ཕྱུག་བདག་གི་དབར་འགྲན་རྩོད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའི་ཐབས་སུ་ང་ཚོ་མི་མང་དུང་ཕྱུར་བདུན་ཅུར་ཐུན་མོང་དུ་དབང་བའི་གོ་ལ་ཧྲིལ་པོའི་རང་བྱུང་ཁམས་ཀྱི་གཏེར་ཁ་ཟངས་ལྕགས་སོགས་ཚོད་མེད་བཏོན་སྟེ་ཤོག་དངུལ་དུ་བརྗེས་ནས་སྔོ་ཞིང་ལྗང་པའི་གོ་ལ་ཧྲིལ་པོའི་པགས་པ་སྔོན་ལ་སུས་བཤུས་མིན་གྱི་འདོད་རྔམས་ཅན་གྱི་དཔལ་འབྱོར་རྒྱ་བསྐྱེད་པ་རྣམས་དང་དེ་དག་གི་བྱ་སྤྱོད་ཡིན། དེ་འདྲ་བའི་རྒྱུ་རྐྱེན་གཉིས་པ་ནི་མིའི་དགོས་མཁོ་ལས་བརྒལ་པའི་དཔལ་འབྱོར་རྒྱ་བསྐྱེད་དང་འདོད་རྔམས་ཅན་གྱི་དེང་དུས་ཀྱི་དཔལ་འབྱོར་གྱི་ཁྲོམ་རྭ་ལས་བྱུང་བས། འདོད་རྔམས་ཅན་དང་འགྲན་རྩོད་ཅན་གྱི་དཔལ་འབྱོར་གྱི་གོམ་ཁ་དལ་དུ་གཏོང་ཐུབ་ཚེ་ད་གཟོད་མི་མང་དུང་ཕྱུར་བདུན་ཅུར་དབང་བའི་གོ་ལ་ཧྲིལ་པོའི་ཁོར་ཡུག་ཉམས་ཆག་ལས་ཅུང་སྐྱོབ་ཐུབ། རྒྱུ་མཚན་ནི། འགྲོ་བ་མིས་བཟོས་པའི་ཁོར་ཡུག་འབག་བཙོག་ནིའགྲོ་བ་མིའི་བྱ་སྤྱོད་ལ་འགྱུར་བ་བཏང་བ་ཁོ་ནས་སྐྱོབ་དགོས་པ་ལས་ཐབས་གཞན་མེད། 

ཅ༽ མཇུག་སྡོམ་ཐུང་ངུ་།

དཔྱད་གཞིའི་ལུང་ཁུངས།

44 Meltdown in Tibet. Michael Buckley